མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས་130པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་16ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས་130པར(ཀོང་ཀྲོའུ་ཚོང་འདུས)རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀོང་ཀྲོའུ་ཚོང་འདུས་བཙུགས་ནས་ལོ་65སོང་རིང་རྒྱལ་སྤྱིའི་ཚོང་དོན་ལ་ཞབས་འདེགས་ཞུ་བ་དང་། ཕྱི་ནང་བརྒྱུད་འབྲེལ་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།  མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་འཁེལ་གྱི་འཛམ་གླིང་གི་དཔལ་འབྱོར་ཚོང་དོན་ལ་འཕོ་འགྱུར་གཏིང་ཟབ་འཕྲད་ཡོད། ཀོང་ཀྲོའུ་ཚོང་འདུས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཞབས་འདེགས་ཞུས་ནས་ལམ་སྲོལ་གསར་གཏོད་དང་། ལས་སྒོ་ཕུན་སུམ་ཚོགས་སུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོས་ཕྱོགས་མང་པོའི་ཐད་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་དང་། རྒྱལ་སྤྱིའི་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།      རྒྱལ་ནང་དང་རྒྱལ་སྤྱིའི་ཟུང་མའི་རྒྱུན་འཁོར་བརྒྱུད་འབྲེལ་བྱེད་པ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཧུར་ཐག་གཏོད་དགོས། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་ཕྱོགས་མང་རིང་ལུགས་ཀྱི་གཙོ་འགན་ངོ་མ་འཁུར་ནས། ཆུ་ཚད་མཐོ་བའི་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
     ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས་130པ་ཚེས་14ཉིན་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“རྒྱལ་ནང་དང་རྒྱལ་སྤྱིའི་ཟུང་མའི་རྒྱུན་འཁོར་ལ་སྐུལ་འདེད་གཏོང་བ”ཞེས་པ་དེ་ཡིན་པ་དང་། དེ་ནི་ཚོང་དོན་པུའུ་དང་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།

  
style="display:none;"