མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་དང་ཞལ་པར་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་17ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་སིང་ཀ་ཕོར་ནི་ཁྱིམ་མཚེས་རྒྱལ་ཁབ་དང་རོགས་ཟླ་ཡིན་པས་ཆབ་སྲིད་ཐད་ཕན་ཚུན་རྒྱུས་ལོན་དང་ཡིད་ཆེས་དང་། མཉམ་ལས་ཁྲོད་དུས་བསྟུན་མདུན་སྐྱོད། འགྲོ་འོང་ཁྲོད་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་བྱེད་ཀྱི་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཕྱོགས་གཉིས་པོས་ཕན་ཚུན་ལྟ་སྐྱོང་དང་དུས་ངལ་མཉམ་སེལ་གྱིས་ཕྱོགས་གཉིས་པོའི་མཉམ་ལས་དུས་བབ་ལས་ལྡོག་ནས་མདུན་དུ་འགྲོ་རྒྱུར་སྐུལ་འདེད་བཏང་བས་ཀྲུང་སིང་དབར་གྱི་འབྲེལ་བའི་གསོན་ཤུགས་དང་མཉེན་ཤུགས་མངོན་ཡོད།   མིག་སྔར་ཀྲུང་གོ་དང་སིང་ཀ་ཕོར་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཕྱོགས་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་པས་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་དང་ས་ཁུལ་གྱི་དར་རྒྱས་གོང་འཕེལ་གཙིགས་ཆེར་བཟུང་སྟེ་རིམས་ནད་ཐོན་རྗེས་སུ་འཕེལ་རྒྱས་ཇི་ལྟར་གཏོང་དགོས་པའི་ཞིབ་འཇུག་བྱ་གཞི་གསར་པ་འདིར་ཐུན་མོང་ཐོག་ལན་ཡག་པོ་བཏབ་ནས་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་མུ་མཐུད་འབུལ་དགོས། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་རིམ་མཐོའི་འགྲོ་འོང་དང་འཐབ་ཇུས་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ནས་མཉམ་འགོག་མཉམ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། མི་སྣ་འགྲོ་འོང་བརྟན་ལ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ། རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་སོགས་མཉམ་ལས་ཀྱི་མཐོ་ས་གསར་པ་གཏོད་པ་བཅས་བྱེད་འདོད་ཡོད། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འཕེལ་རིམ་ནང་གཏིང་ཟབ་ཞུགས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་འཁེལ་བ་ལས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འགྲན་སློང་སྣ་ཚོགས་འཕྲད་བཞིན་ཡོད།  ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་གྲོས་གཞི་གལ་ཆེན་འདིའི་ཐད་ཀྲུང་སིང་དབར་གྱི་འདུ་ཤེས་གཅིག་འདྲ་དང་ཁེ་ཕན་འབྲེལ་ནས་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་མཉམ་དུ་བཏོད་དེ《ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》དུས་བཀག་ལྟར་ནུས་པ་ཐོན་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་ཙམ་མ་ཟད། ཐ་ན་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཆེད་སྒུལ་ཤུགས་སྣོན་འདོད་ཡོད། འདི་ལོ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་སྐད་ཆ་ཤོད་རེས་ཀྱི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་གཞན་དག་དང་མཉམ་དུ་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མཉམ་ལས་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ལི་ཞན་ལུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་72འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་སླར་ཡང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་ཡང་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་མོད། འོན་ཀྱང་སིང་ཀ་ཕོར་དང་ཀྲུང་གོའི་འབྲེལ་བའི་ཐད་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་སིང་ཀ་ཕོར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་མཉམ་ལས་དམ་ཟབ་དང་ཕན་ཚུན་རྒྱབ་སྐྱོར་བྱས་པས་ཕྱོགས་གཉིས་པོའི་ཚོང་དོན་དུས་བབ་ལས་ལྡོག་ནས་ཆེས་ཆེར་འཕར་བ་དང“རྒྱུད་གཅིག་ལམ་གཅིག”དང་སྐམ་ས་དང་མཚོ་ཐོག་བགྲོད་ལམ་གསར་པ་ཐུན་མོང་ཐོག་བསྐྲུན་རྒྱུའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།      སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མི་སྣ་འགྲོ་འོང་རྒྱུན་འཁྱོངས་དང་གཏིང་ཤུགས་སྔོག་འདོན་བྱས་ཏེ་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་འཕེལ་རྒྱས། ལྗང་མདོག་དངུལ་རྩ། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"