མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་29ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་སོགས་ལ་དུས་མཚམས་རང་བཞིན་གྱི་ཁྲལ་དངུལ་འགྱངས་བསྡུ་བྱ་ཐབས་ལག་བསྟར་བྱས་ཏེ་ཁེ་ལས་ཀྱི་དཀའ་ངལ་ཞི་ལྷོད་དུ་གཏོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པའི་ཐད་བཀོད་སྒྲིག་གནང་བ་དང་། ཕྱི་རྒྱལ་གྱི་མ་འཇོག་མཁན་གྱིས་རྒྱལ་ནང་གི་བུན་འཛིན་ཁྲོམ་རར་མ་འཇོག་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དུས་ཡུན་རིང་དུ་བཏང་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་དང་ཕྱི་རྒྱལ་མ་འཇོག་མཁན་གྱི་ཡིད་དབང་འགུག་རྒྱུར་སྐུལ་འདེད་གཏོང་བའི་གཏན་འབེབས་གནང་བ་རེད།
   ཚོགས་འདུའི་ཐོག་བསྟན་དོན། བཟོ་སྐྲུན་ལས་རིགས་ནི་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་ཡིན་པ་དང་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ནི་ཁྲོམ་རའི་བྱེད་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་དཔལ་འབྱོར་འཕེལ་རྒྱས་དང་། ལས་ཞུགས་རྒྱ་སྐྱེད། ཁྲོམ་ར་འཁྲུག་ཏུ་གཏོང་བ། དམངས་འཚོ་ལེགས་གཏོང་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་བཞིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང“འགན་ལེན་དྲུག”དང་ལྷག་པར་དུ་ལས་ཞུགས་འགན་ལེན་དང་། དམངས་འཚོ་འགན་ལེན། ཁྲོམ་རའི་བྱེད་པོ་འགན་ལེན་བཅས་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས། སྤོམ་ཆེ་བའི་ཚོང་ཟོག་གི་རིན་གོང་མཐོ་པོས་འཁོར་རྒྱུག་བྱེད་པ་དང་ཐོན་སྐྱེད་མ་གནས་ཧ་ཅང་མཐོ་རུ་ཕྱིན་པ་དེས་ཁེ་ལས་དང་ལྷག་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ལ་ཤུགས་རྐྱེན་ཐེབས་པར་དམིགས་ཏེ་ཁྲོམ་ར་ཅན་དང་ཀུན་ཕན་རྣམ་པའི་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པ། ཁྲོམ་རའི་སྔོན་དཔག་དང་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། འདི་ལོའི་དུས་ཚིགས་བཞིའི་རིང་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱིས་བཏོད་པའི་ཁེ་ལས་ཀྱི་ཐོབ་ཁྲལ་དང་། རྒྱལ་ནང་གི་རིན་ཐང་འཕར་ཁྲལ།
   རྒྱལ་ནང་གི་འཛད་སྤྱོད་དཔྱ་ཁྲལ་དང་དེའི་ཞོར་ལ་བསྡུ་བའི་གྲོང་ཁྱེར་འཛུགས་སྐྲུན་དང་བདག་སྐྱོང་དཔྱ་ཁྲལ་བཅས་དང་། དེ་བཞིན་སྒེར་གཉེར་བཟོ་ཚོང་དུད་ཚང་དང་། མི་སྒེར་གྱིས་མ་རྩ་བཏང་བ། རོགས་ཟླའི་ཁེ་ལས་བཅས་ཀྱིས་འཇལ་བའི་མི་སྒེར་གྱི་ཐོབ་ཁྲལ(དེའི་ནང་ཚབ་འཐེན་ཚབ་འཇལ་གྱི་མི་སྒེར་གྱི་ཐོབ་ཁྲལ་ཚུད་མེད)ལ་དུས་མཚམས་རང་བཞིན་གྱི་ཁྲལ་བསྡུ་ནར་འགྱངས་བྱ་རྒྱུ་ཡིན། དེའི་ནང་ལོ་རེའི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་2000མན་ཆད་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས(སྒེར་གཉེར་བཟོ་ཚོང་དུད་ཚང་ཚུད་པ)ཀྱིས་བཏོད་པའི་ཁྲལ་དངུལ་ཚང་མ་འགྱངས་བསྡུ་བྱ་རྒྱུ་དང་། ལོ་རེའི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་2000ནས་སྒོར་དུང་ཕྱུར་4བར་ཟིན་པའི་བཟོ་སྐྲུན་ལས་རིགས་འབྲིང་གྲས་ཀྱི་ཁེ་ལས་ཀྱིས་བཏོད་པའི་ཁྲལ་དངུལ་50%འགྱངས་བསྡུ་བྱ་རྒྱུ། དམིགས་བསལ་དཀའ་ངལ་ཡོད་པའི་ཁེ་ལས་ཀྱིས་ཁྲིམས་ལྟར་ཁྲལ་དངུལ་ཚང་མ་འགྱངས་བསྡུ་བྱ་རྒྱུའི་རེ་ཞུ་བྱེད་ཆོག ཁྲལ་དངུལ་འགྱངས་བསྡུ་དེ་འདི་ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་སང་ལོའི་ཟླ་1པོར་འདུན་ཞུའི་དུས་ཚོད་མཇུག་འགྲིལ་གྱི་ཡོད། སྔོན་དཔག་བྱས་ན། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་ཁྲལ་དངུལ་སྒོར་དུང་ཕྱུར་2000ཡས་མས་འགྱངས་བསྡུ་བྱེད་ཐུབ། གཞན་ཡང་། རྡོ་སོལ་དང་གློག་དང་དྲོད་རླངས་མཁོ་འདོན་ཁེ་ལས་ཀྱི་ཚོང་གཉེར་དཀའ་ངལ་ཞི་ལྷོད་དུ་གཏོང་ཆེད། འདི་ལོའི་དུས་ཚིགས་བཞིའི་རིང་བཏོད་པའི་ཁྲལ་དངུལ་འགྱངས་བསྡུ་བྱ་རྒྱུ་དང་སྔོན་དཔག་བྱས་ན། འགྱངས་བསྡུ་བྱེད་པའི་ཁྲལ་དངུལ་གྱི་བསྡོམས་འབོར་སྒོར་དུང་ཕྱུར་170ཡས་མས་ཟིན་རྒྱུ་རེད། གོང་དུ་བརྗོད་པའི་ཁྲལ་དངུལ་འགྱངས་བསྡུའི་བྱ་ཐབས་ཀྱི་འགྱངས་བསྡུའི་དུས་ཡུན་རིང་ཤོས་ཟླ་བ་གསུམ་རེད། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲལ་དངུལ་འགྱངས་བསྡུའི་ལས་དོན་སྒྲུབ་གཉེར་འགྲོ་ལུགས་སྟབས་བདེ་རུ་བཏང་སྟེ། སྒྲུབ་གཉེར་འཕེལ་རིམ་མགྱོགས་སུ་གཏོང་བ་དང་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་གནད་ལ་སྨིན་པ་དང་། དོན་ཐོག་ཏུ་འཁྱོལ་བ། གང་མགྱོགས་ལོངས་སྤྱོད་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ་ལས་ཆ་རྐྱེན་མ་འཛོམས་པའི་ཁེ་ལས་ཀྱིས་ཁྲལ་དངུལ་འགྱངས་བསྡུའི་སྲིད་ཇུས་གཡོ་ལེན་ལོངས་སྤྱོད་བྱེད་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས།
    ཚོགས་འདུའི་ཐོག་བསྟན་དོན། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ནང་གི་ཁྲོམ་ར་ཆེ་མོའི་ལེགས་ཆ་འདོན་སྤེལ་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཕྱི་རྒྱལ་གྱི་མ་འཇོག་མཁན་གྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ། ཕྱི་རྒྱལ་གྱི་མ་དངུལ་དེ་བས་མང་བ་བུན་འཛིན་ཁྲོམ་ར་བརྒྱུད་རྒྱལ་ནང་འཕེལ་རྒྱས་ལ་ཞུགས་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས། ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། ཕྱི་རྒྱལ་གྱི་སྒྲིག་གཞིའི་མ་འཇོག་མཁན་གྱིས་རྒྱལ་ནང་གི་བུན་འཛིན་ཁྲོམ་རར་མ་འཇོག་བྱས་ནས་ཐོབ་པའི་བུན་འཛིན་གྱི་སྐྱེད་ཀའི་ཡོང་འབབ་ལ་ཁེ་ལས་ཀྱི་ཐོབ་ཁྲལ་དང་རིན་ཐང་འཕར་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པའི་དུས་བཀག་དེ“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་བར་ཏེ་2025ལོའི་ཟླ་12ཚེས་31ཉིན་བར་ནར་འགྱངས་བྱ་རྒྱུ་ཡིན། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། འབྲེལ་ཡོད་སྡེ་ཚན་གྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཐོ་འགོད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་དུས་མཚུངས། ཁྲོམ་ར་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་མགོ་བདེ་སྐབས་འཚོལ་ཐལ་དྲགས་པ་དང་ཁྲོམ་རར་ཁ་ལོ་སྒྱུར་བ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་གཏན་འགོག་བྱེད་དགོས།

  
style="display:none;"