མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་
གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་29ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་སྨིར་ཅི་གཡོད་ཡེ་ཕུའུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་གི་ལས་འགན་བསྟུད་འཛིན་གནང་བར་སླར་ཡང་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་ཨུའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་5སོང་རིང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་དེ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོ་པོར་སླེབས་ཡོད། ཕྱོགས་གཉིས་པོས་སྒྱུར་བཅོས་སྒོ་དབྱེ་དང་འཕེལ་རྒྱས་དར་རྒྱས་ཀྱི་འཕེལ་རིམ་ནང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཏོག་གསར་རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ནང་ཕན་ཚུན་ལྟ་སྐྱོང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད། ཨུ་ཟ་བྷེ་ཁི་སི་ཐན་གྱིས་རང་ཉིད་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ལམ་བུར་བསྐྱོད་པར་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད། སང་ལོ་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འགོ་འཛུགས་ས་གསར་པའི་ཐོག་ཕྱོགས་གཉིས་པོས་གོ་སྐབས་དམ་འཛིན་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ་ཏན་ཏན་ཏིག་ཏིག་གི་མཉམ་ལས་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་ཚོང་དོན་གྱི་མ་འཇོག་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་། གྲངས་འཛིན་དངུལ་རྩ་དང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ནས་ལྗང་མདོག་དང་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གང་མང་ནང་འདྲེན་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་རྡོ་སྣུམ་དང་སོལ་རླངས་ཀྱི་ཁྱབ་ཁོངས་ཐད་མུ་མཐུད་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཀྲུང་ཨུའི་དབུལ་པོ་ཉུང་གཏོང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མི་ཆོས་རིག་གནས་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་རིམས་འགོག་མཉམ་ལས་ཟབ་ཏུ་བཏང་ནས་ཨུ་ཟ་བྷེ་ཁི་སི་ཐན་ལ་རོགས་པ་བྱས་ཏེ་རིམས་འགོག་སྨན་ཁབ་ཐོན་སྐྱེད་ལྟེ་གནས་བསྐྲུན་ཏེ་སྨན་བཅོས་མ་ལག་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་པོས་ད་དུང་ཁྲིམས་བསྟར་དང་བདེ་འཇགས་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཁོངས་མིའི་རྒྱལ་ཁབ་གཞན་དང་མཉམ་དུ“ཧྲང་ཧའེ་སྙིང་སྟོབས”དར་སྤེལ་གཏོང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་འགོ་འཛུགས་ས་གསར་པའི་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"