མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་སྐབས་16པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་30ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་27ཉིན་གྱི་དགོང་མོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མི་དམངས་ཚོགས་ཁང་ཆེ་མོར་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་སྐབས་16པར་ཞུགས་པ་རེད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དེ་བཞིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན། ཨ་རིའི་ཙུང་ཐུང་པའེ་ཀྲེན། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་མོ་ལི་སེན། ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨེན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། པུ་རུ་ནེའི་སུའུ་ཏན་ཧ་སང་ནར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་རེད།
     ལི་ཁེ་ཆང་གིས་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་དེ“འགོ་ཁྲིད་མི་སྣས་སྣེ་ཁྲིད་བྱེད་པའི་འཐབ་ཇུས་གླེང་སྟེགས”ཤིག་ཡིན་པའི་ངོས་ནས་ཁོངས་མིའི་ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་རྒྱལ་ཁབ་གཙོ་བོ་ཚུད་ཡོད་པས་མཚོན་བྱེད་རང་བཞིན་དང་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་རིང་བའི་གོང“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ”བཏོན་གནང་ཡོད། ཨེ་ཤེ་ཡ་ཤར་མ་ནི་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་སླར་གསོ་གཉིས་ཀར་མཉམ་དུ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་རྒྱུན་ཆད་མེད་པར་སྣོན་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་ཀྱིས་རང་ངོས་ཀྱི་ངེས་གནས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ས་ཁོངས་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱེད་པ། ཆབ་སྲིད་བདེ་འཇགས་མཉམ་ལས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་སྙོམས་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ཕན་ཚུན་བརྩི་འཇོག་བྱ་རྒྱུ་ནི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཡིན་ལ་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་ཀྱི་མཛུབ་ཁྲིད་རྩ་དོན་གལ་ཆེན་ཞིག་ཀྱང་ཡིན། ཕྱོགས་ཁག་གིས་ཕན་ཚུན་བརྩི་འཇོག་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ་རིམས་ནད་སྔོན་འགོག་དང་དཔལ་འབྱོར་སླར་གསོའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་གཤམ་གསལ་གྱི་གྲོས་འགོ་བཏོན་པ་སྟེ།
     གཅིག་ནི་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་དགོས་མཁོར་གཞིགས་ཏེ་ནུས་པས་ལྕོགས་ཚོད་ཀྱིས་རིམས་འགོག་སྨན་ཁབ་དང་དེ་བཞིན་རིམས་ནད་འགོག་བཅོས་དངོས་ཟོག་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྤྱི་པའི་འཕྲོད་བསྟེན་མཉམ་ལས་གྲོས་འགོར”མགྱོགས་མྱུར་སྐུལ་འདེད་བཏང་ནས་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་ནུས་པ་ཆེ་རུ་གཏོང་དགོས་པ་དང་།
     གཉིས་ནི་དཔལ་འབྱོར་ཕྱོགས་ཡོངས་ནས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། རང་མོས་ཚོང་དོན་དང་དྲང་གཞག་ཚོང་དོན་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱིའི་ཟོག་འདྲེན་ཤར་བགྲོད་ཡོང་བར་སྲུང་སྐྱོང་བྱེད་དགོས། ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད(RCEP)ལ་སྔ་ཙམ་ནུས་པ་ཐོན་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཡོངས་ནས་ཞི་བདེ་རྒྱ་མཚོ་ཆེ་མོ་ལས་སྒྲོལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད(CPTPP)ནང་ཞུགས་རྒྱུའི་རེ་བ་དངོས་སུ་ཞུས་ནས་སྒོ་དབྱེའི་ཁས་ལེན་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་ས་ཁུལ་དང་རྒྱལ་ཁབ་ཀྱིས་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
     གསུམ་ནི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་ལྟར་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། 《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་དགོས། དོ་སྙོམས་དང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་ཉུང་ཕྱོགས་བསྒྱུར་ལ་སྐུལ་འདེད་བཏང་སྟེ་ནུས་རྒྱུ་བརྟན་པོ་དང་བདེ་འཇགས་སྒོ་ནས་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱེད་པ་དང་དུས་མཚུངས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་འགན་ལེན་གྱི་ཕན་འབྲས་དུས་མཚུངས་སུ་ཆེ་རུ་འགྲོ་ཐུབ་པ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ད་རེས་ཀྱི་ཚོགས་འདུའི་ཐོག《རྒྱུན་མཐུད་ཆོག་པའི་སླར་གསོ་ཐུབ་པའི་སྐོར་གྱི་གསལ་བསྒྲགས》སྤེལ་རྒྱུའི་གྲོས་འགོ་བཏོན་པ་རེད།
     བཞི་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་རྒྱབ་སྐྱོར་བྱེད་དགོས་ཤིང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལྟེ་བར་འཛིན་པ་དང་སྒོ་དབྱེ་ཁོང་ཡངས་ཀྱི་ས་ཁོངས་མཉམ་ལས་སྒྲོམ་གཞི་ནི་ས་ཁུལ་དེ་གའི་ཡུན་རིང་ཞི་བདེ་དར་རྒྱས་ཀྱི་རྨང་རྡོ་གལ་ཆེན་ཞིག་རེད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཅིག་མཐུན་འདུས་གྲུབ་འཛུགས་པ་དང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་དང་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱེད་དགོས་པ་བཅས་སོ། 

  
style="display:none;"