མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པའི་དུས་མཚམས་
དང་པོའི་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་01ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་10ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པའི་དུས་མཚམས་དང་པོའི་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།

ཟླ་10ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པའི་དུས་མཚམས་དང་པོའི་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།

   ■ མིག་སྔར་ཏོག་གསར་གློ་ཚད་རིམས་ནད་རྒྱུན་མཐུད་ངང་ཡང་སེ་ཐོན་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཉམས་ཞན་ཡིན་པ། གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་མངོན་གསལ་དོད་པ། ས་ཁུལ་གྱི་གླེང་མང་བའི་གནད་དོན་ཡང་ཡང་ཐོན་པ་བཅས་ཀྱི་གནད་དོན་འཕྲད་ཡོད། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་དུས་རབས་ཀྱི་རིམས་ནད་མདུན་དུ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་གླེང་སྟེགས་གཙོ་བོ་ཡིན་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པས་འཁུར་དགོས་ངེས་ཀྱི་འགན་འཁྲི་ཁུར་ནས་མིའི་རིགས་ཀྱི་འབྱུང་འགྱུར་དང་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་མཐའ་འཁྱོངས་དང་ཕྱོགས་མང་རིང་ལུགས་དངོས་ལག་ལེན་བསྟར་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།
   ■ གཅིག མཐུན་སྒྲིལ་མཉམ་ལས་དང་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་དགོས།
   ■ གཉིས། མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས།
   ■ གསུམ། ཀུན་ཕན་བསྟུན་མཁས་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་དགོས།
   ■ བཞི། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་དང་སྒུལ་ཤུགས་སྔོག་འདོན་བྱེད་དགོས།
   ■ ལྔ། ཞི་མཐུན་མཉམ་གནས་དང་ལྗང་མདོག་རྒྱུན་མཐུད་ཡོང་བ་བྱེད་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པའི་དུས་མཚམས་དང་པོའི་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ་རེད།
   ཞི་ཅིན་ཕིང་གིས་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་རྒྱུན་མཐུད་ངང་ཡང་སེ་ཐོན་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཉམས་ཞན་ཡིན་པ། གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་མངོན་གསལ་དོད་པ། ས་ཁུལ་གྱི་གླེང་མང་བའི་གནད་དོན་ཡང་ཡང་ཐོན་པ་བཅས་ཀྱི་གནད་དོན་འཕྲད་ཡོད། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་དུས་རབས་ཀྱི་རིམས་ནད་མདུན་དུ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་གླེང་སྟེགས་གཙོ་བོ་ཡིན་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པས་འཁུར་དགོས་ངེས་ཀྱི་འགན་འཁྲི་ཁུར་ནས་མིའི་རིགས་ཀྱི་འབྱུང་འགྱུར་དང་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་མཐའ་འཁྱོངས་དང་ཕྱོགས་མང་རིང་ལུགས་དངོས་ལག་ལེན་བསྟར་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་གྲོས་འགོ་ཁག་ལྔ་བཏོན་གནང་བ་སྟེ།
   གཅིག མཐུན་སྒྲིལ་མཉམ་ལས་དང་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་ངང་ཚན་རིག་དང་མཐུན་པའི་རྣམ་འགྱུར་ཐོག་ནས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་འབྲེལ་དེ་ལས་རྣམ་པར་རྒྱལ་བར་བྱེད་པ་དང་། སྔོན་འགོག་དང་ཚོད་འཛིན། ནད་བརྟག་སྨན་བཅོས་བྱེད་ཐབས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པས་ཐུན་མོང་གི་ངོས་འཛིན་གཅིག་གྱུར་དང་། ཐོན་ཁུངས་སྐུལ་སློང་། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།
    ངས་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་མཉམ་ལས་ཀྱི་བྱ་སྤྱོད་ཐད་སྔར་བས་གྲོས་འགོ་འདོན་འདོད་ཡོད། གཅིག་ནས་རིམས་འགོག་སྨན་ཁབ་ཀྱི་ཚན་ཞིབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིམས་འགོག་སྨན་ཁབ་ཁེ་ལས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་ཞིབ་སྤེལ་ཐོན་སྐྱེད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། གཉིས་ནས་དྲང་གཞག་གཞུང་དྲང་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་ཚད་མང་དུ་གཏོང་བ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཏོན་པའི་2022ལོའི་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་རྒྱག་པའི་དམིགས་ཚད་དོན་འཁྱོལ་བྱེད་དགོས། གསུམ་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་བདག་དབང་གི་ཁྲིམས་སྒོ་རང་བཙན་སྔ་ཙམ་གཏན་འབེབས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་རིམས་འགོག་སྨན་ཁབ་ཁེ་ལས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལག་རྩལ་ནང་བཤུག་གཏོང་རྒྱུར་སྐུལ་ལྕག་བྱེད་དགོས། བཞི་ནས་རྒྱལ་སྒྲོལ་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིམས་འགོག་སྨན་ཁབ་དང་། དེ་བཞིན་མ་བཅོས་རྒྱུ་ཆ་དང་ཟུར་སྦྱོར་དངོས་རྫས་ཉོ་ཚོང་ཐུབ་རྒྱུར་འགན་ལེན་བྱེད་དགོས། ལྔ་ནས་རིམས་འགོག་སྨན་ཁབ་སྣ་ཚོགས་ལ་གཞུང་དྲང་གི་ལྟ་སྟངས་འཛིན་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་འགོག་སྨན་ཁབ་མགྱོགས་མྱུར་སྤྱོད་པའི་གསལ་ཐོ་གཞི་འཛིན་སར་བྱས་ཏེ་རིམས་འགོག་སྨན་ཁབ་ཕན་ཚུན་ཁས་ལེན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དྲུག་ནས་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་མཉམ་ལས་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་རག་ཆེད་དངུལ་རྩའི་རྒྱབ་སྐྱོར་བྱེད་དགོས།
    གཉིས། མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་ཆེན་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་དགོས། དཔལ་འབྱོར་དངོས་ཚན་གཙོ་བོས་འགན་འཁུར་བའི་གཞི་ཆེན་དཔལ་འབྱོར་སྲིད་ཇུས་སྤྱད་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མི་ཐེབས་པ་བྱས་ནས་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་མ་ལག་བརྟན་པོ་དང་སྐྱོན་བྲལ་ངང་འཁོར་སྐྱོད་ཐུབ་རྒྱུར་སྲུང་སྐྱོང་བྱེད་དགོས།
   དེ་དང་ཆབས་ཅིག་ཕུགས་ལ་དམིགས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ཆགས་སྟངས་ཀྱི་འགྱུར་ལྡོག་དངོས་གནས་བཤད་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། ཀྲུང་གོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་དམིགས་བསལ་དངུལ་ལེན་དབང་ཆ་མང་དུ་སྤྲོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ཡོང་འབབ་དམའ་བའི་རྒྱལ་ཁབ་ལ་གཡར་འདོད་ཡོད།
   འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་དང་འཕེལ་རྒྱས་ཀྱི་བར་མཐོངས་འགན་ལེན་བྱེད་དགོས། རྩོད་གཞི་ཐག་གཅོད་ལམ་སྲོལ་རྒྱུན་གཏན་ལྟར་བྱེད་པ་གང་མགྱོགས་སླར་གསོ་བྱས་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་དང་རྒྱལ་སྤྱིའི་བརྟན་ལྷིང་གི་གླེང་སྟེགས་གཉེར་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ལ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཧུར་ཐག་ཞུགས་རྒྱུར་ཡང་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
   གསུམ། ཀུན་ཕན་བསྟུན་མཁས་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དྲང་གཞག་རང་བཞིན་དང་། ནུས་ལྡན་རང་བཞིན། བསྟུན་མཁས་རང་བཞིན་བཅས་ཆེ་རུ་བཏང་ནས་རྒྱལ་ཁབ་སུ་ཞིག་ཀྱང་རྗེས་སུ་མི་ལུས་པ་བྱེད་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པས་འཕེལ་རྒྱས་དེ་གཞི་ཆེན་སྲིད་ཇུས་མཐུན་སྦྱོར་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། ཨ་ཧྥེ་རི་ཁ་དང་དར་རྒྱས་འགོར་བའི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་མངོན་འགྱུར་ལ་རྒྱབ་སྐྱོར་བྱེད་པའི་གྲོས་འགོ་དོན་འཁྱོལ་བྱེད་དགོས། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱིས་གཞུང་ཕྱོགས་ཀྱིས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཁས་བླངས་པ་ལག་བསྟར་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐོན་ཁུངས་དེ་བས་མང་བ་མཁོ་འདོན་བྱེད་དགོས། ངས་མཉམ་འབྲེལ་རྒྱལ་ཚོགས་སུ་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་དང་གཙོ་གནད་ཁ་ཕྱོགས་ཚད་མཐོའི་གཅིག་མཐུན་བྱུང་ཡོད་པས། རྒྱལ་ཁབ་ཁག་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
   བཞི། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་དང་སྒུལ་ཤུགས་སྔོག་འདོན་བྱེད་དགོས།    རྒྱལ་ཁབ་ཉི་ཤུ་ཚོགས་པས་གསར་གཏོད་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་མཉམ་དུ་སྔོག་འདོན་བྱེད་པ་དང་དེའི་ནང་ཧུར་ཐག་ཞུགས་པ་དང་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཀྱི་རྨང་གཞིའི་ཐོག་སྒྲིག་སྲོལ་བཟོས་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁོར་ཡུག་བཟང་པོ་སྐྲུན་དགོས། རྐང་བཙུགས་ནས་ཚོགས་པ་ཆུང་ཆུང་བཟོ་བ་དང་ཐ་ན་འདུ་ཤེས་འཛིན་སྟངས་ཐོག་ནས་དབྱེ་མཚམས་ཕྱེ་ན། འགལ་ཟླ་དང་འགོག་རྐྱེན་མང་དུ་འགྲོ་བ་མ་ཟད། ཚན་རྩལ་གསར་གཏོད་ལ་གནོད་པ་བརྒྱ་ལས་ཕན་པ་གཅིག་ཀྱང་མེད།
   གྲངས་འཛིན་དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་བ་དང་། གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་གསར་པ་སྐྲུན་མགྱོགས་སུ་གཏོང་བ། གྲངས་འཛིན་ལག་རྩལ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ“གྲངས་འཛིན་གྱི་བར་ཁྱད”མེད་པ་བཟོ་རོགས་བྱེད་དགོས། ཀྲུང་གོས《གོ་ལ་ཧྲིལ་པོའི་གྲངས་གཞིའི་བདེ་འཇགས་ཀྱི་གྲོས་འགོ》བཏོན་ཟིན་པ་དང་ང་ཚོས་ཕྱོགས་ཁག་གི་འདོད་བློ་མཚོན་པ་དང་ཕྱོགས་ཁག་གི་ཁེ་ཕན་ལ་བརྩི་འཇོག་བྱེད་པའི་གྲངས་འཛིན་ལ་བརྟེན་ནས་བཅོས་སྐྱོང་གི་རྒྱལ་སྤྱིའི་སྒྲིག་སྲོལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་བཟོས་ཏེ་སྒོ་དབྱེ་དང་། གཞུང་དྲང་། དྲང་གཞག མཐོང་ཆུང་མེད་པ་བཅས་ཀྱི་གྲངས་འཛིན་འཕེལ་རྒྱས་ཀྱི་ཁོར་ཡུག་ཧུར་ཐག་སྐྲུན་དགོས། ཀྲུང་གོས་གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས《གྲངས་འཛིན་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ནང་ཞུགས་པའི་རེ་ཞུ་འདོན་རྒྱུའི་ཐག་བཅད་ཟིན་ལ། ཕྱོགས་ཁག་དང་མཉམ་དུ་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
   ལྔ། ཞི་མཐུན་མཉམ་གནས་དང་ལྗང་མདོག་རྒྱུན་མཐུད་ཡོང་བ་བྱེད་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པས་ཐུན་མོང་ཡིན་པ་གང་ཞིག་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པ་དང《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པར་གྲུབ་འབྲས་ཐོབ་རྒྱུར་རྒྱབ་སྐྱོར་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་བཙོག་འབུད་ཉུང་གཏོང་གི་གནད་དོན་ཐད་མིག་དཔེ་བསྟན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམིགས་བསལ་དཀའ་ངལ་དང་དོ་ཁུར་ལ་ལྟ་རྟོག་གང་ལེགས་བྱེད་པ་དང་གནམ་གཤིས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཁས་ལེན་དོན་འཁྱོལ་བྱེད་པ་དང་འབྲེལ་ལག་རྩལ་དང་ནུས་པ་འཛུགས་སྐྱོང་སོགས་ཐད་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་དགོས།
   ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་འགུལ་ངང་རྒྱལ་བབ་དང་འཚམ་པའི་རྒྱལ་སྤྱིའི་འགན་འཁྲི་ཁུར་ནས་དཔལ་འབྱོར་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ཀྲུང་གོས་2030ལོའི་གོང་དུ་ཐཱན་ཚད་མཐོ་ཤོས་མངོན་འགྱུར་དང་2060ལོའི་གོང་དུ་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་ཡིན། ང་ཚོས་ཁ་དན་ཚིག་གནས་བྱས་ཏེ་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་ལྗང་མདོག་དང་། ཐཱན་ཉུང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་ལམ་བུར་བསྐྱོད་རྒྱུ་ཡིན།
   ཞི་ཅིན་ཕིང་གིས་ཀྲུང་གོའི་གནའ་མིས“ཁ་དན་ཚིག་གནས་བྱེད་མཁན་ལ་གནམ་འོག་སྐྱེ་བོ་ཀུན་གྱིས་འབྲེལ་འདྲིས་བྱེད་པར་འདོད”ཅེས་བརྗོད་ཀྱི་ཡོད། དེ་ཐོག་ནས་ཁ་དན་ཚིག་གནས་དེ་གནམ་འོག་སྐྱེ་བོ་ཀུན་དང་གྲོགས་པོ་སྒྲིག་ཐུབ་པའི་རྩ་བ་ཡིན་པ་བསྟན་ཡོད། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཏེ་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་དང་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་པ་དང་། སྒྲིག་སྲོལ་དང་། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་གཏོད་པ་བཅས་བྱས་ནས་ཀྲུང་ཕྱིའི་ཁེ་ལས་ལ་དྲང་གཞག་གཞུང་དྲང་གི་ཁྲོམ་རའི་སྒྲིག་ལམ་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་དེ་བས་མང་བ་ཐོབ་ངེས་དང་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་དེ་བས་མང་བ་མཁོ་འདོན་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"