མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཏོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་02ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   《ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་བསམ་པའི་ཀལ་འདང་ངེས་གསབ་དགོས》
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས1ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན《བདེན་འཚོལ》དུས་དེབ་འདོན་ཐེངས་21པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་བསམ་པའི་ཀལ་འདང་ངེས་གསབ་དགོས》ཞེས་པ་བཏོན་པ་རེད།
   རྩོམ་ཡིག་ནང་ནན་བཤད་གནང་དོན། གསར་བརྗེའི་ཕུགས་བསམ་ཀུན་ལས་ལྷག ཀྲུང་གོ་གུང་ཁྲན་ཏང་ནི་དབུ་བརྙེས་ནས་ལོ་ངོ་བརྒྱའི་རིང་ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་པའི་ཏང་ཞིག་རེད། ཕུགས་བསམ་དང་དད་སེམས་དེ་ནི་མར་ཁེ་སི་རིང་ལུགས་ཀྱི་དད་སེམས་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ།
   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་བཅས་རེད། ཕུགས་བསམ་དང་དད་སེམས་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞི་ཡང་ཡིན། ཕུགས་བསམ་དང་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་པའི“ཀལ”ཡིན་ཞིང་། ཕུགས་བསམ་དང་དད་སེམས་མེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་པོ་མེད་ན། བསམ་པའི“ཀལ”ཟད་སྲིད་པ་དང་།“རུས་སྙིའི་ནད”ཕོག་སྲིད།
   རྩོམ་ཡིག་ནང་བསྟན་གནང་དོན། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་གུང་ཁྲན་ཏང་མིའི་བསམ་པའི་དོན་གཉེར་བརྟན་སྲུང་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ལུས་སེམས་ཆགས་རྟེན་གྱི་རྩ་བ་ཡིན། ཕུགས་བསམ་དང་དད་སེམས་བརྟན་པོ་ནི་བསམ་བློ་དང་རིགས་པའི་གཞུང་ལུགས་བརྟན་པོ་ལས་བྱུང་ཡོད། བདེན་དོན་ཤེས་རྟོགས་དང་། བདེན་དོན་ཁོང་དུ་ཆུད་པ། བདེན་དོན་ལ་དད་མོས། བདེན་དོན་སྲུང་སྐྱོབ་བཅས་བྱ་རྒྱུ་ནི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་བསམ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཀྲུང་གོའི་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་པའི་རྒྱུ་མཚན་ནི་ང་ཚོས་དོན་གཉེར་བྱེད་པ་དེ་བདེན་དོན་ཡིན་པ་དང་། ང་ཚོས་བརྩི་སྲུང་ཞུ་བ་ནི་ཆོས་ཉིད་ཡིན་པ། ང་ཚོས་ཚབ་བྱེད་པ་ནི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཡིན་པ་བཅས་ཀྱིས་རེད། རང་རེའི་ཏང་ལ“གུང་ཁྲན་ཏང”ཞེས་མིང་འདོགས་དོན་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་ངོས་བཟུང་བས་རེད། རྒྱང་རིང་ཕུགས་བསམ་འདི་མངོན་འགྱུར་བྱ་ཆེད་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་དུ་གཏོང་དགོས།
   རྩོམ་ཡིག་ནང་བསྟན་གནང་དོན། གུང་ཁྲན་ཏང་ཡོན་ཞིག་དང་འགོ་ཁྲིད་ལས་བྱེད་པ་ཞིག་ལ་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་ཡོད་མེད་ལྟ་བར་ཕྱི་རོལ་ཡུལ་དང་མཐུན་པའི་ཚད་གཞི་ཞིག་ཡོད་པས། ཁོང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་ཐུབ་མིན་དང་། དཀའ་བ་སྔོན་ལ་སྤྱོད་པ་དང་ལོངས་སྤྱོད་རྗེས་ལ་བྱེད་ཐུབ་མིན། འབད་བརྩོན་ཆེན་པོས་ལས་དོན་སྒྲུབ་པ་དང་སྤྱོད་གཙང་སྤྱི་གཞོལ་བྱེད་ཐུབ་མིན། ཕུགས་བསམ་གྱི་ཆེད་དུ་རང་སྲོག་ལ་མི་ལྟོས་པར་འབད་བརྩོན་དང་འབད་འཐབ་བྱེད་ཐུབ་མིན། རང་ཉིད་ཀྱི་སེམས་ཤུགས་ཡོད་ཚད་དང་ཐ་ན་ཚེ་སྲོག་ཀྱང་འབུལ་ཐུབ་མིན་བཅས་ལ་བལྟ་དགོས། ཐེ་ཚོམ་གྱི་ལྟ་བ་མཐའ་དག་དང་། སྐྱིད་སྡོད་ཀྱི་བསམ་བློ་མཐའ་དག ཁེ་ཕན་ལ་རྔམ་པའི་བྱ་སྤྱོད་མཐའ་དག སྒྱིད་ལུག་གི་སྤྱོད་ཚུལ་མཐའ་དག་བཅས་ཚང་མ་དེ་དང་གཏན་ནས་མི་མཐུན་པ་ཞིག་རེད།
   རྩོམ་ཡིག་ནང་བསྟན་གནང་དོན། ཞི་བདེའི་འཛུགས་སྐྲུན་དུས་སྐབས་སུ་ལས་བྱེད་པ་ཞིག་གི་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་མེད་ལ་ཞིབ་དཔྱད་བྱེད་པར་གཙོ་བོ་ལས་བྱེད་པར་ཆབ་སྲིད་ཀྱི་ཚོད་བགམ་ཆེན་པོའི་མདུན་དུ་ཆབ་སྲིད་ཀྱི་ངེས་ཤུགས་ཡོད་མེད་དང་། དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་ཐུབ་མིན། ལས་ཀར་འགན་འཁྲི་ཆེན་པོ་འཁུར་ཐུབ་མིན། དཀའ་བ་སྔོན་ལ་སྤྱོད་པ་དང་ལོངས་སྤྱོད་རྗེས་ལ་བྱེད་ཐུབ་མིན། དཀའ་བྲེལ་ཉེན་ཆེའི་ལས་འགན་མདུན་དུ་ལས་འགན་ལྗིད་པོ་འཁུར་ཕོད་མིན། དབང་ཆ་དང་། རྒྱུ་དངུལ། ཆགས་སྲེད་བཅས་ཀྱི་བསླུ་བྲིད་ཐེག་ཐུབ་མིན་བཅས་ལ་བལྟ་དགོས།
   རྩོམ་ཡིག་ནང་བསྟན་གནང་དོན། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་བྱེད་ཐེངས་གཅིག་ལ་གྲུབ་པ་ཞིག་མིན་ལ། དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པ་ཞིག་ཀྱང་མ་ཡིན་པར། འཐབ་རྩོད་ཀྱི་ལག་ལེན་ཁྲོད་ཟམ་མི་ཆད་པར་ཞུན་བརྡར་དང་ཚོད་བགམ་ཐེག་ཐུབ་པ་བྱེད་དགོས། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བ་བྱ་རྒྱུ་ནི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པས། རྒྱུན་དུ་སྦྱངས་ནས་ཚེ་གང་པོར་དད་མོས་དང་ཚེ་གང་པོར་སྲུང་སྐྱོང་བྱེད་དགོས།

  
style="display:none;"