མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སུ་རྟོག་ཞིབ་གནང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་04ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ལི་ཁེ་ཆང་གིས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སུ་རྟོག་ཞིབ་གནང་བ་དང་འབྲེལ་ཁྲོམ་རའི་བྱེད་པོ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་ཆེ་རུ་བཏང་ནས་བརྟན་པོའི་ངང་འཕར་རྒྱུ་དང་ལས་ཞུགས་བརྟན་པོ་ཡོང་ཆེད་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་ཁྲོམ་རའི་བྱེད་པོ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་བ་རེད།
   ཐོ་འགོད་དེབ་སྐྱེལ་ཅུས་སུ་ལས་དོན་མི་སྣས་ངོ་སྤྲོད་བྱས་ཤིང་། སྒྱུར་བཅོས་དང་ལག་ཁྱེར་གློག་རྡུལ་ཅན་ལ་སྐུལ་འདེད་གཏོང་བ་སོགས་བརྒྱུད་ཁྲོམ་རའི་བྱེད་པོའི་ཆོག་འཐུས་དང་། ཐོ་ཁོངས་ནས་སུབ་པ། ལས་དོན་སྒྲུབ་པ་སོགས་སྔར་བས་སྟབས་བདེ་རུ་ཕྱིན་པར་ལི་ཁེ་ཆང་གིས་ཁས་ལེན་གནང་བ་རེད། གྲངས་གཞི་དབྱེ་ཞིབ་ལྟེ་གནས་སུ་གྲངས་གཞི་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་བསྡོམས་འབོར་དུད་ཚང་དུང་ཕྱུར་1.5ལས་བརྒལ་ཞིང་། དེའི་ནང་ཉེ་བའི་ལོ་བཅུའི་ནང་དུད་ཚང་དུང་ཕྱུར་1མང་དུ་ཕྱིན་ཡོད་པ་རེད། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་གྲངས་འབོར་ཡང་དུད་ཚང་དུང་ཕྱུར་1ལས་བརྒལ་ཡོད། ཁྲོམ་རའི་བྱེད་པོ་དུང་ཕྱུར་མང་པོའི་སྟོབས་ཤུགས་ཆེན་པོས་རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་བརྒལ་རྒྱུ་དང་། རྒྱལ་ཁབ་ཀྱི་ནོར་ཤུགས་དང་སྤྱི་ཚོགས་ཀྱི་རྒྱུ་ནོར་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་བཏང་བ་དང་མི་དུང་ཕྱུར་7ལྷག་ཙམ་གྱི་ལས་ཞུགས་ཀྱི་གཞི་གདན་སྤྱད་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁོ་ནས་མི་དུང་ཕྱུར་3ཙམ་ལས་ཞུགས་ཐུབ་ཐབས་བྱས་ཡོད། ལི་ཁེ་ཆང་གིས་ཁྲོམ་རའི་བྱེད་པོའི་ས་ཁོངས་ཀྱི་ལས་རིགས་ཁྱབ་ཚུལ་དང་འཁྲུག་ཆ་དོད་ཚད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2013ལོ་ནས་བཟུང་གསར་དུ་འཕར་བའི་ཁྲོམ་རའི་བྱེད་པོས་འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཁོ་ནར་ཁྲལ་འཇལ་ཚད་སྒོར་དུང་ཕྱུར་ཁྲི་3.81ཟིན་པ་དེ་ན་ནིང་གི་ལོ་ཧྲིལ་པོ་དང་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་ཡོད་པ་རེད། ལི་ཁེ་ཆང་གིས། ས་གནས་དང་ལས་རིགས་ཀྱི་ངོས་ནས་བལྟས་ཚེ་ཁྲོམ་རའི་བྱེད་པོ་ཇི་ཙམ་མང་ན་དེ་ཙམ་གྱིས་འཁྲུག་ཆ་དོད་དུ་འགྲོ་བ་དང་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཡག་པོ་འགྲོ་སྲིད། དཀའ་གནད་བསལ་ནས་ཁྲོམ་རའི་བྱེད་པོ་དེ་བས་མང་བ་ཐོན་པ་དང་། འཚར་ལོངས་ཡོང་བ། དེ་བས་ལེགས་པའི་ངང་འཚོ་ཐབས་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
   བཞུགས་མོལ་ཚོགས་འདུའི་ཐོག་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་འགན་འཁུར་བ་གཙོ་བོས་སྙན་སེང་ཞུས་པ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། ཁེར་རྐྱང་ངལ་རྩོལ་པའི་མཐུན་ཚོགས། ཝུའུ་མེ་ཀུང་སི། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་སོགས་ཚན་པའི་འགན་འཁུར་བའམ་ཡང་ན་རིགས་གཅིག་མཁས་ཅན་གྱིས་གཏམ་བཤད་གནང་བ་རེད། ལི་ཁེ་ཆང་གིས་ཉེ་བའི་ལོ་ཤས་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་དེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་ལག་བསྟར་བྱེད་པའི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩིས་པས་ཁྲོམ་རའི་བྱེད་པོ་ལྡབ་ཀྱིས་འཕར་ཡོད། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་གི་མདུན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་། “འགན་ལེན་དྲུག”གི་ལས་དོན་དང་ལྷག་པར་དུ་མདུན་གྱི“འགན་ལེན་གསུམ”གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། དུས་འཁོར་ལས་བརྒལ་ནས་སྙོམས་སྒྲིག་ཡག་པོ། ལ་བརྒལ་ཉག་སྒྲོལ་ཧུར་ཐག དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བཅས་བྱས་ནས་བརྟན་བགྲོད་རྒྱང་འཁྱོལ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
   ལི་ཁེ་ཆང་གིས་མཛུབ་སྟོན་གནང་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་གཏོང་བ་དེ་ཁྲོམ་རའི་བྱེད་པོ་དང་ཁ་འབྲལ་ཐབས་མེད་པ་དང་། ཁྲོམ་ར་ཅན་གྱི་སྒྱུར་བཅོས་གྲུབ་འབྲས་ཀྱི་གལ་འགངས་ཆེ་ཤོས་ནི་ཁྲོམ་རའི་བྱེད་པོ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་རེད། ཕྱོགས་མང་པོའི་རྒྱུ་རྐྱེན་གྱི་དབང་གིས་མིག་སྔར་དཔལ་འབྱོར་འཕར་ཚད་ཆག་པའི་དཀའ་ངལ་གསར་པ་འཕྲད་ཡོད། ཁྲོམ་རའི་བྱེད་པོ་དུང་ཕྱུར་1ལྷག་ཙམ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་མཉེན་ཤུགས་གནས་ས་དང་། དཔལ་འབྱོར་གྱི་གཞི་རྩའི་བྱེད་ཐབས་བརྟན་དུ་གཏོང་བའི་རྨང་གཞི་གལ་ཆེན་ཡིན། ཁྲོམ་རའི་བྱེད་པོ་སྤྱི་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་གི་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་ཆེན་པོ་འཕྲད་པར་དམིགས་ཏེ། དུས་མཚམས་རང་བཞིན་དང་སྡེབ་སྒྲིག་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་གསར་པ་ཞིབ་འཇུག་བྱས་ནས་བཟོ་བ་དང་། ཁྲོམ་རའི་བྱེད་པོ་ཡོངས་ལ་ཕན་པ་འདོགས་པ། དངུལ་རྩའི་སྒྲིག་གཞིས་དངོས་གཞིའི་དཔལ་འབྱོར་ལ་ལུགས་དང་མཐུན་པའི་སྒོ་ནས་ཁེ་ཕན་གཏོད་པར་མུ་མཐུད་ཁྲིད་སྟོན། ལས་ཤོར་འགན་བཅོལ་ཐེབས་རྩ་སྤྱད་དེ་ཁེ་ལས་ཀྱི་ལས་གནས་བརྟན་པོ་དང་ལས་རིགས་གསོ་སྦྱོང་ལ་རྒྱབ་སྐྱོར་བཅས་བྱེད་དགོས། གློག་ཤུགས་དང་རྡོ་སོལ་སོགས་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཡག་པོ་ཡོང་བ་བྱེད་དགོས།

  
style="display:none;"