མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སི་རི་ཡའི་ཙུང་ཐུང་པ་ཧྲར་དང་ཞལ་པར་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་07ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་རི་ཡའི་ཙུང་ཐུང་པ་ཧྲར་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་སི་རི་ཡ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་སྔ་ཤོས་བཙུགས་པའི་ཨ་རབ་རྒྱལ་ཁབ་ཀྱི་གྲས་ཤིག་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་གོའི་ཁྲིམས་མཐུན་གདན་ཐོབ་སླར་གསོའི་གྲོས་གཞི་འདོན་མཁན་རྒྱལ་ཁབ་ཀྱི་གྲས་ཤིག་ཀྱང་རེད། ཕྱི་འབྲེལ་བཙུགས་ནས་ལོ་65སོང་རིང་། ཀྲུང་གོ་དང་སི་རི་ཡ་དབར་གྱི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་ལོ་རྒྱུས་ཇི་ཙམ་རིང་བ་དེ་ཙམ་གྱིས་ཟབ་ཏུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སི་རི་ཡ་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སི་རི་ཡ་ཕྱོགས་དང་མཉམ་དུ་ཀྲུང་སིའི་དབར་གྱི་མཛའ་གྲོགས་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་འཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། སི་རི་ཡ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ་སི་རི་ཡ་བསྐྱར་སྐྲུན་དང་སླར་གསོ་འཕེལ་རྒྱས་ལའང་རྒྱབ་སྐྱོར་བྱེད་ཀྱི་ཡིན། སི་རི་ཡ་ཕྱོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཞུགས་རྒྱུར་དགའ་བསུ་ཞུ་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་ཕྱོགས་དང་མཉམ་དུ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་དང་། ཤེས་དཔལ་མི་འདྲ་བའི་དབར་གྱི་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
   པ་ཧྲར་གྱིས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡའི་རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་སྐྱོང་ལ་རྒྱབ་སྐྱོར་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སི་རི་ཡའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བཅས་བྱས་པར་སི་རི་ཡ་སྲིད་གཞུང་དང་མི་དམངས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། སི་རི་ཡ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བའི་རེ་བ་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་སི་རི་ཡར་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བར་དགའ་བསུ་ཡང་ཞུ་གི་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པས་སི་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་འདུ་ཤེས་དང་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད། སི་རི་ཡ་ཕྱོགས་ཀྱིས་ཤིན་ཅང་དང་། བོད་ལྗོངས། ཤང་ཀང་། འགྲོ་བ་མིའི་ཐོབ་ཐང་། ཐའེ་དབན། ལྷོ་རྒྱ་མཚོ་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

  
style="display:none;"