མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་གྱི་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྐབས་བརྗེའི་འདེམས་བསྐོར་ཞུགས་
ནས་འདེམས་ཤོག་འཕངས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་07ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་11ཚེས་5ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀྱི་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་ཡུལ་དུ་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་བསྐོར་ཞུགས་ནས་འདེམས་ཤོག་འཕེན་གནང་བཞིན་པ།

ཟླ་11ཚེས་5ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀྱི་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་ཡུལ་དུ་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་བསྐོར་ཞུགས་ནས་འདེམས་ཤོག་འཕེན་གནང་བཞིན་པ།

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་5ཉིན་ནི་པེ་ཅིང་གྲོང་ཁྱེར་གྱི་ཆུས་དང་ཤང་གྲོང་རྡལ་རིམ་གཉིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྐབས་བརྗེའི་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ཉིན་མོ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གྲོང་ནུབ་ཆུས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་གི་འདེམས་ཤོག་འཕེན་ཡུལ་དུ་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་བསྐོར་ཞུགས་ནས་འདེམས་ཤོག་འཕེན་སྐབས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་པ་ནི་མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་རྨང་གཞི་དང་མི་དམངས་རང་ཐག་རང་གཅོད་ཀྱི་མཚོན་ཚུལ་གལ་ཆེན་ཞིག་རེད། དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་ཐག་གཅོད་པ། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཀྱི་ལྷུ་ཚིགས་ཁག་འབྲེལ་མཐུད་བྱས་ནས་གོ་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ཟམ་མི་ཆད་པར་འཕེལ་རྒྱས་བཏང་སྟེ་དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་རང་ཐག་རང་གཅོད་འགན་ལེན་བྱེད་དགོས། འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་འདེམས་བསྐོ་བྱེད་རིང་གི་ཚུལ་མིན་སྤྱོད་ཚུལ་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ་འདེམས་བསྐོའི་ལས་དོན་སྤྱོད་བཟང་གཞུང་དྲང་དང་འདེམས་བསྐོའི་འབྲས་བུ་མི་དམངས་ཀྱི་བློ་ལ་འབབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
   ཧོའེ་རེན་ཐང་འདེམས་ཤོག་འཕེན་ཡུལ་དུ། སྐར་ལྔའི་དར་དམར་བཀྲག་མདངས་འཚེར་བ་དང་རྒྱལ་རྟགས་འཁོད་པའི་འདེམས་ཤོག་བླུག་སྒམ་དམར་པོ་དཀྱིལ་དུ་བཞག་ཡོད། འདེམས་ཤོག་འཕེན་པའི་ལས་དོན་ཚད་ལྡན་དང་གོ་རིམ་ལྡན་པས་འདེམས་ཤོག་འཕེན་ཡུལ་གྱི་རྣམ་པ་བརྗིད་ཉམས་དང་སྤྲོ་སེམས་འཁོལ་བ་ཞིག་ཡོད།
   སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ཞི་ཅིན་ཕིང་ཧོའེ་རེན་ཐང་གི་འདེམས་ཤོག་འཕེན་ཡུལ་དུ་ཕེབས་ནས་འདེམས་བསྐོའི་འབྲེལ་ཡོད་དོན་ཚན་གྱི་གསལ་བཤད་ནན་ཏན་ངང་གསན་པ་དང་། འདེམས་དམངས་ལག་ཁྱེར་བཏོན་ནས་ལས་དོན་མི་སྣར་སྤྲད་དེ་ཞིབ་བཤེར་བྱེད་དུ་བཅུག་པ་དང་དེ་ནས་འདེམས་ཤོག་གཅིག་བཞེས་ནས་འདེམས་ཤོག་འབྲི་སར་ནན་ཏན་ངང་བྲིས་རྗེས་འདེམས་ཤོག་འཕེན་སྒམ་མདུན་དུ་ཕེབས་ནས་དོ་གལ་ཆེན་པོས་རང་ཉིད་ཀྱི་འདེམས་ཤོག་འཕངས་གནང་བ་རེད།
   དེ་ཉིན་སྔ་དྲོར། ལི་ཁེ་ཆང་གིས་གྲོང་ནུབ་ཆུས་ཝུན་ཅིན་ཁྲོམ་ལམ་འདེམས་ཁུལ་ཙི་ཀོང་ཀེ་འདེམས་ཤོག་འཕེན་ས་ནས་འདེམས་ཤོག་འཕངས་གནང་བ་རེད། ལི་ཀྲན་ཧྲུའུ་ཡིས་གྲོང་ནུབ་ཆུས་ཀྲུང་ནན་ཧའེ་འདེམས་ཁུལ་གྱི་མི་དམངས་ཚོགས་ཁང་ཆེ་མོའི་འདེམས་ཤོག་འཕེན་ས་ནས་འདེམས་ཤོག་འཕངས་གནང་བ་རེད།
   དབང་དབྱང་གིས་གྲོང་ནུབ་ཆུས་དངུལ་རྩའི་ཁྲོམ་གཞུང་འདེམས་ཁུལ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་འདེམས་ཤོག་འཕེན་ས་ནས་འདེམས་ཤོག་འཕངས་གནང་བ་རེད། ཝང་ཧུའུ་ཉིང་གིས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་ས་ནས་འདེམས་ཤོག་འཕངས་གནང་བ་རེད། ཀྲའོ་ལེ་ཅི་ཡིས་གྲོང་ནུབ་ཆུས་ཏ་ཅུའེ་འདེམས་ཁུལ་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་འདེམས་ཤོག་འཕེན་ས་ནས་འདེམས་ཤོག་འཕངས་གནང་བ་རེད། ཧན་ཀྲེང་གིས་ཝུན་ཅིན་ཁྲོམ་གཞུང་འདེམས་ཁུལ་ཙི་ཀོང་ཀེ་འདེམས་ཤོག་འཕེན་ས་ནས་འདེམས་ཤོག་འཕངས་གནང་བ་རེད། ཝང་ཆི་ཧྲན་གྱིས་མངགས་བཅོལ་གནང་བའི་ལས་དོན་མི་སྣས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་གི་འདེམས་ཤོག་འཕེན་ས་ནས་འདེམས་ཤོག་འཕངས་གནང་བ་རེད།
   ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་ཡིས་མངགས་བཅོལ་གནང་བའི་ལས་དོན་མི་སྣ་ཁག་སོ་སོས་ཀྲུང་ནན་ཧའེ་ཡི་ཧོའེ་རེན་ཐང་གི་འདེམས་ཤོག་འཕེན་ས་ནས་འདེམས་ཤོག་འཕངས་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་འགོ་ཁྲིད་ཀྱི་ལས་གནས་ནས་རྒན་ཡོལ་ཞུས་པའི་བློ་མཐུན་བཅས་ཀྱིས་རང་སོ་སོའི་འདེམས་ཁུལ་དུ་འདེམས་ཤོག་འཕངས་པའམ་ཡང་ན་མི་གཞན་ལ་མངགས་ནས་འདེམས་ཤོག་འཕངས་པ་རེད།
   ཚེས་5ཉིན། པེ་ཅིང་གྲོང་ཁྱེར་དུ་འདེམས་ཤོག་འཕེན་སའི་ས་ཚིགས་13448བཙུགས་ཡོད་པ་དང་འཁྲོལ་ཡོད་འདེམས་བསྐོ་བརྒྱུད་སྐབས་གསར་པའི་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་4898དང་ཤང་དང་གྲོང་རྡལ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་11137བདམས་པ་རེད།

  
style="display:none;"