མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་11ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   《ས་འོག་ཆུའི་དོ་དམ་སྲོལ་ཡིག》 ཡོངས་བསྒྲགས་བྱས་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས《ས་འོག་ཆུའི་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་ཏེ་2021ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་འོག་ཆུའི་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ས་འོག་ཆུར་ཐོན་ཁུངས་ཀྱི་ཁྱད་ཆོས་དང་སྐྱེ་ཁམས་ཀྱི་ནུས་པ་གལ་ཆེན་ལྡན་ཞིང་། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བ་དང་ཐོན་སྐྱེད་ཐད་ཀྱི་ཆུ་མཁོ་འདོན་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར། སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། རང་རྒྱལ་གྱི་ས་འོག་ཆུ་གསར་སྤེལ་བྱེད་ཚད་དང་བེད་སྤྱོད་གཏོང་ཚད་རྒྱུན་ཆད་མེད་པར་མང་དུ་སོང་བ་དེས་ས་ཁུལ་ཁ་ཤས་ཀྱི་ས་འོག་ཆུ་འཐེན་དྲགས་པ་དང་སྦགས་བཙོག་གི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད། ས་འོག་ཆུའི་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད《སྲོལ་ཡིག》ནང་བརྟག་དཔྱད་དང་འཆར་འགོད་དང་། གྲོན་ཆུང་དང་སྲུང་སྐྱོང་། འཐེན་དྲགས་པ་བཅོས་སྐྱོང་། སྦགས་བཙོག་འགོག་བཅོས། ལྟ་སྐུལ་དོ་དམ་སོགས་ཀྱི་ཐད་གཏན་འབེབས་བྱས་ཡོད།
   གཅིག་ནས་ས་འོག་ཆུའི་གནས་ཚུལ་ལ་བརྟག་དཔྱད་གདེང་འཇོག་དང་འཆར་འགོད་བཟོ་རྒྱུ་ཚད་ལྡན་དུ་གཏོང་དགོས་ཤིང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཆུའི་སྲིད་འཛིན་དང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག་སོགས་གཙོ་གཉེར་སྡེ་ཚན་སྒྲིག་འཛུགས་ཀྱིས་ས་འོག་ཆུའི་གནས་ཚུལ་ལ་བརྟག་དཔྱད་དང་གདེང་འཇོག་གི་ལས་དོན་སྤེལ་ཏེ་ས་འོག་ཆུའི་གནས་ཚུལ་བརྟག་དཔྱད་དང་གདེང་འཇོག་བྱས་འབྲས་ལ་གཞིགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། ས་འོག་ཆུའི་ཐོན་ཁུངས་ཀྱི་གནས་ཚུལ། སྦགས་བཙོག་འགོག་བཅོས་སོགས་ཀྱི་རྒྱུ་རྐྱེན་ལ་སྤྱི་འདོམས་བསམ་གཞིགས་ཀྱིས་རིམ་པ་དེ་གའི་ས་འོག་ཆུ་སྲུང་སྐྱོང་བེད་སྤྱོད་དང་སྦགས་བཙོག་འགོག་བཅོས་སོགས་ཀྱི་འཆར་འགོད་བཟོ་དགོས་པ་དང་།
   གཉིས་ནས་ས་འོག་ཆུ་གྲོན་ཆུང་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ས་འོག་ཆུ་ལེན་པའི་བསྡོམས་འབོར་ཚོད་འཛིན་དང་ཆུ་ཁ་ཚོད་འཛིན་ལམ་ལུགས་ལག་བསྟར་བྱས་ཏེ་ཆུ་སྤྱོད་རིང་གི་ཆུ་གྲོན་ཆུང་བྱེད་པའི་བླང་བྱ་གསལ་པོ་བཟོ་བ་དང་། དཔལ་འབྱོར་གྱི་བྱེད་ཐབས་ལ་བརྟེན་ནས་ས་འོག་ཆུ་གྲོན་ཆུང་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ས་འོག་ཆུའི་ཐོན་ཁུངས་ཀྱི་ཁྲལ་རིན་བསྡུ་བའི་རྩ་དོན་ཁ་གསལ་བཟོ་བ་བཅས་བྱེད་དགོས། དམིགས་བསལ་གྱི་གནས་ཚུལ་ཕུད་གསར་པ་བརྗེ་དཀའ་བའི་ས་འོག་ཆུ་སྔོག་འདོན་བྱེད་མི་ཆོག
   གསུམ་ནས་ས་འོག་ཆུ་འཐེན་དྲགས་པ་བཅོས་སྐྱོང་ནན་པོ་བྱེད་དགོས་ཤིང་། ས་འོག་ཆུ་འཐེན་རྒྱུ་བཀག་འགོག་ཁུལ་དང་ཚོད་འཛིན་ཁུལ་དབྱེ་མཚམས་འབྱེད་སྟངས་ཚད་ལྡན་བཟོ་དགོས། དམིགས་བསལ་གྱི་གནས་ཚུལ་ཕུད་འཐེན་རྒྱུ་བཀག་འགོག་ཁུལ་ནས་ས་འོག་ཆུ་འཐེན་མི་ཆོག་པ་དང་། ཚོད་འཛིན་ཁུལ་ནས་ས་འོག་ཆུ་གསར་དུ་འཐེན་མི་ཆོག་པ་མ་ཟད་ས་འོག་ཆུ་ལེན་ཚད་རིམ་བཞིན་ཉུང་དུ་གཏོང་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ས་འོག་ཆུ་འཐེན་དྲགས་པ་ཕྱོགས་བསྡུས་བཅོས་སྐྱོང་གི་ཇུས་གཞི་བཟོས་ཏེ་བཅོས་སྐྱོང་དམིགས་ཚད་དང་། བཅོས་སྐྱོང་བྱེད་ཐབས། འགན་ལེན་བྱེད་ཐབས་སོགས་ཀྱི་ནང་དོན་ཁ་གསལ་བཟོ་དགོས་པ།
   བཞི་ནས་ས་འོག་ཆུའི་སྦགས་བཙོག་འགོག་བཅོས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ཁུལ་དབྱེ་བའི་ལམ་ལུགས་འཛུགས་དགོས། ས་འོག་ཆུར་སྦགས་བཙོག་བཟོ་བའི་བྱ་སྤྱོད་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྟ་སྐུལ་དོ་དམ་ལས་གཡོལ་ཐབས་ཀྱིས་ཆུའི་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱ་རྒྱུ་བཀག་འགོག་བྱེད་པ་དང་། སིམ་འཛག་འགོག་ཐབས་བཟོས་མེད་པའི་ཆུ་ཡུར་དང་ས་དོང་སོགས་བརྒྱུད་དུག་ལྡན་སྦགས་བཙོག་དངོས་པོ་ཡོད་རིགས་ཀྱི་ཆུ་སྙིགས་སྐྱེལ་བའམ་ཡང་ན་ཉར་ཚགས་བྱེད་པ་སོགས་ཀྱི་བྱ་སྤྱོད་བཀག་འགོག་བྱེད་དགོས། ཐོན་སྐྱེད་དང་འཛུགས་སྐྲུན་བྱ་སྤྱོད་ལ་བརྟེན་ནས་ས་འོག་ཆུ་བཙོག་བཟོ་བཀག་འགོག་བྱེད་པའི་ལམ་ལུགས་དང་ས་རྒྱུའི་སྦགས་བཙོག་གིས་རྐྱེན་པས་ས་འོག་ཆུ་བཙོག་བཟོ་བཀག་འགོག་བྱེད་པའི་ལམ་ལུགས་ཞིབ་ཚགས་སུ་གཏོང་དགོས་པ།
    ལྔ་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་དང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་གཙོ་གཉེར་སྡེ་ཚན་ཁག་གིས་འགན་འཁྲི་ལྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རོགས་ལས་དང་གཞོགས་འདེགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ས་འོག་ཆུའི་ལྟ་ཞིབ་ཚད་ལེན་ས་ཚིགས་དྲ་བ་དང་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་འོག་ཆུ་འཐེན་པའི་ལས་གྲྭའི་ལྟ་སྐུལ་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ་དང་ཆུ་ལེན་དགོས་པའི་ས་འོག་ཚ་ནུས་གསར་སྤེལ་བེད་སྤྱོད་རྣམ་གྲངས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།
    གཞན་ཡང《སྲོལ་ཡིག》དང་འགལ་བའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་ནན་པོ་བཟོས་ནས་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་རེད།

  
style="display:none;"