མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གི་རྩ་གནད》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་18ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་གཞུང་དོན་ཁང་གིས《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གི་རྩ་གནད》(གཤམ་དུ《རྩ་གནད》ཅེས་བསྡུ་རྒྱུ)ཅེས་པའི་དེབ་རྩོམ་སྒྲིག་སྒྲིག་འཛུགས་བྱས་པ་དང་མི་དམངས་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་པ་དང་ཚེས་16ཉིན་ནས་བཟུང་རྒྱལ་ཡོངས་སུ་བཀྲམ་པ་རེད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཁྲིམས་སྐྱོང་གཏན་འཁེལ་དང་།
    ཁྲིམས་སྐྱོང་བཀོད་སྒྲིག ཁྲིམས་སྐྱོང་ལག་བསྟར་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་གསར་གཏོད་རང་བཞིན་གྱི་སྒོ་ནས་བཏོན་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་བཤད་གཏིང་ཟབ་པ། གཏན་ཚིགས་དམ་ཚགས་པ། གོ་རིམ་ལྡན་ལ་ཆ་ཚང་བ་བཅས་ཡོད་པ་དང་། ལོ་རྒྱུས་དང་དོན་དངོས་ཕན་ཚུན་འབྲེལ་མཐུད་དང་། རྒྱལ་སྤྱི་དང་རྒྱལ་ནང་ཕན་ཚུན་འབྲེལ་བ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བཅས་ཀྱི་ཐད་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལག་བསྟར་བྱེད་དོན་གང་ཡིན་པ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལག་བསྟར་ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བཏབ་ཡོད། དེ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དུས་རབས་ཀྱི་བླང་བྱ་དང་བསྟུན་ནས་བྱུང་བའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་དང་། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་འཕེལ་རྒྱས་གལ་ཆེན་ཞིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་རེད།
   《རྩ་གནད》ལ་ཁྱོན་ས་བཅད་13དང་། ལེ་ཚན་49 དོན་ཚན་128བཅས་དང་ཡིག་འབྲུ་ཁྲི་7ལྷག་ཙམ་ཡོད། དེབ་ཧྲིལ་པོར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། ལྟེ་བའི་དོན་སྙིང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་གོ་རིམ་ལྡན་པའི་ངང་རྒྱས་བཤད་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིམས་སྐྱོང་ཁྱབ་ཁོངས་ཁྲོད་ཀྱི་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕྱོགས་ཡོངས་ནས་མཚོན་ཡོད། 《རྩ་གནད》ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་གྲུབ་ཆ་དམ་ཚགས་པ་དང་། མ་རྩོམ་ཇི་མ་ཇི་བཞིན་མཚོན་པར་བྱས་པ་དང་རྩོམ་སྲོལ་གསོན་ཉམས་དོད་ལ་བབ་ཆགས་པོ་ཡོད་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་དབང་གྲགས་ལྡན་པའི་གཞོགས་འདེགས་ཀློག་དེབ་གལ་ཆེན་ཞིག་རེད།
    ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་གཞུང་དོན་ཁང་གིས་བརྡ་ཐོ་བཏང་སྟེ། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས《རྩ་གནད》དེ་སློབ་སྦྱོང་གི་འཆར་གཞིའི་ནང་བཅུག་ནས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སྦྱོང་བ་དང་། དུས་ཐོག་རྗེས་སྙེག་གིས་སྦྱོང་བ། བསམ་གཞིག་གཏིང་ཟབ་ཀྱིས་སྦྱོང་བ། དོན་དངོས་ཟུང་འབྲེལ་གྱིས་སྦྱོང་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཟམ་མི་ཆད་པར་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ཟམ་མི་ཆད་པར་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་སྒྱུར་བཅོས་ཟབ་གཏོང་དང་། འཕེལ་རྒྱས་ལ་སྐུལ་འདེད། འགལ་ཟླ་སེལ་བ། བརྟན་ལྷིང་སྲུང་སྐྱོང་། ཉེན་ཁར་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་བ་བཅས་ལ་མཛུབ་ཁྲིད་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ལ་དངོས་སུ་བསྒྱུར་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  
style="display:none;"