མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབྱི་སི་རལ་གྱི་ཙུང་ཐུང་ཧེར་ཙུའོ་ཀེ་དང་ཞལ་པར་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་19ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེ་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་སི་རལ་གྱི་ཙུང་ཐུང་ཧེར་ཙུའོ་ཀེ་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་དང་ཡ་གུ་དཱ་པའི་མི་རིགས་གཉིས་ཀར་ལོ་རྒྱུས་ཡུན་རིང་དང་ཤེས་དཔལ་ཟབ་མོ་ལྡན་པ་དང་། ཕྱོགས་གཉིས་པོའི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་ལས་བློ་ལ་བརྟན་པོར་ངེས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཞིག་བཞག་ཡོད། ཀྲུང་དབྱིའི་དབར་ཕྱི་འབྲེལ་བཙུགས་ཚུན། ཕྱོགས་གཉིས་པོས་ཕན་ཚུན་བདག་དབང་ལ་བརྩི་འཇོག་དང་ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་སོགས་ཀྱི་རྩ་དོན་གལ་ཆེན་ལ་བརྩི་སྲུང་ཞུས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་དབྱིའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། དབྱི་སི་རལ་ཕྱོགས་དང་དུས་སང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ནས། ཀྲུང་དབྱིའི་གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱི་སི་རལ་དབར་དཔལ་འབྱོར་གྱི་ལེགས་ཆ་གསབ་རེས་བྱས་ནས་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་རྦད་དེ་བྱེད་ཐུབ་ངེས་རེད། ཀྲུང་གོའི་ཁེ་ལས་ཁག་གཅིག་དབྱི་སི་རལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་དབྱི་སི་རལ་གྱི་གསར་གཏོད་ཁེ་ལས་མང་པོ་ཞིག་ཀྲུང་གོར་གཞིས་ཆགས་འཕེལ་རྒྱས་བྱུང་ཞིང་། ཕྱོགས་གཉིས་པོས་མཉམ་ལས་བྱས་ནས་ཧའེ་ཧྥ་ཤིན་གྲུ་ཁ་དང་། ཀྲུང་དབྱིའི་ཁྲང་ཀྲོའུ་གསར་གཏོད་གླིང་། ཧྲང་ཧའེ་གསར་གཏོད་གླིང་སོགས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་བསྐྲུན་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་བཀྲག་མདངས་འཚེར་ས་དང་སྐུལ་འདེད་ཡོ་བྱད་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་ཕྱོགས་དང་ཚན་རྩལ་དང་། ཞིང་ལས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་རིག་གནས་དང་། སློབ་གསོ། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་རྒྱ་ཆེར་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་འདོད་ཡོད། དབྱི་སི་རལ་ཕྱོགས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
    ཧེར་ཙུའོ་ཀེས་དབྱི་སི་རལ་ཕྱོགས་ཀྱིས་ཀྲུང་གོའི་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་རིག་གནས་ལ་བླ་ན་མེད་པའི་གུས་སེམས་མཚོན་པར་བྱ་རྒྱུ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་ཡང་སྙིང་དབུས་ནས་དགའ་མགུ་ཡི་རངས་ཞུ་རྒྱུ་ཡིན། ཀྲུང་གོའི་མི་དམངས་ཀྱིས་ཡ་གུ་དཱ་པའི་སྐྱབས་བཅོལ་བར་རྩ་ཆེའི་རོགས་སྐྱོར་བྱས་པ་དབྱི་སི་རལ་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། དབྱི་སི་རལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས་དབྱི་ཀྲུང་གི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བར་གཞོལ་རྒྱུ་ཡིན། དབྱི་སི་རལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོ་ཡག་པོ་གཉེར་ནས་ཚན་རྩལ་དང་། གསར་གཏོད། དཔལ་འབྱོར། ཞིང་ལས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
    ཕྱོགས་གཉིས་པོས་དབུས་ཤར་ས་ཁུལ་གྱི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བཟུང་དབྱི་སི་རལ་དང་ཕ་ལེ་སི་ཐན་ཕྱོགས་གཉིས་པོས“རྒྱལ་ཁབ་གཉིས་པོའི་ཇུས་གཞིའི”རྨང་གཞིའི་ཐོག་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་བརྒྱུད་ཞི་བདེ་མཉམ་གནས་ཡོང་བའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་དབུས་ཤར་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་བྱེད་མཁན་དང་དབུས་ཤར་ས་ཁུལ་གྱི་འཕེལ་རྒྱས་འཛུགས་སྐྲུན་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དབུས་ཤར་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"