མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་
ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་
གཏོད་ནུས་པ་རྒྱུན་མཐུད་ངང་འཕེལ་བ་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་22དང་23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་དང་ཧྲི་ཀྲང་ཀུང་ཀྲེང་གི་ཕེབས་རོགས་འོག་ཧྲང་ཧའེ་རུ་རྟོག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། རིགས་ཁག་གི་ཁྲོམ་རའི་བྱེད་པོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཕན་པའི་ཁོར་ཡུག་བཟང་པོ་གཏོད་པ། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
   ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དུ། ལི་ཁེ་ཆང་གིས་དེ་གར་སྒྱུར་བཅོས་སྒོ་དབྱེ་བྱས་པ་བརྒྱུད་མ་འཇོག་དང་། ཚོང་དོན། དངུལ་རྩ་སོགས་ཀྱི་ཐད་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཁྱེད་ཚོ་རྒྱལ་ཡོངས་ཀྱི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་པོ་ཡིན་པས། མུ་མཐུད་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཏེ་ཉམས་མྱོང་གསར་པ་ཐོབ་པ་བྱས་ནས་རྒྱལ་ཡོངས་ལ་དེ་བས་ལེགས་པའི་སྒོ་ནས་དཔེ་སྟོན་བྱེད་དགོས་ཞེས་གསུངས་པ་རེད། ལི་ཁེ་ཆང་གིས་ཝའེ་ཀའོ་ཆའོ་རྒྱལ་སྤྱིའི་རིག་ནུས་བཟོ་སྐྲུན་ཞབས་ཞུའི་ཐོན་ལས་གླིང་དུ་རྟོག་ཞིབ་གནང་བ་དང་རྩེར་སོན་རིག་ནུས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ནས་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་མང་པོའི་འགན་ཁུར་བ་དང་སྤེལ་རེས་གནང་བ་རེད།
    ལི་ཁེ་ཆང་གིས་ཧྲང་ཧའེ་ཝའེ་ཀའོ་ཆའོ་གློག་གཏོང་ཀུང་སི་གསུམ་པར་རྟོག་ཞིབ་གནང་ཞིང་། ཁོང་གིས་གློག་ཤུགས་ནི་དཔལ་འབྱོར་འཁོར་སྐྱོད་ཀྱི་སྒུལ་ཤུགས་ཡིན་པས་ཐབས་བརྒྱ་ཇུས་སྟོང་ངང་དམངས་འཚོ་དང་ཁེ་ལས་ཀྱི་རྒྱུན་གཏན་ཐོན་སྐྱེད་ཀྱི་གློག་སྤྱོད་འགན་ལེན་བྱེད་དགོས། གློག་གཏོང་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབ་དགོས་པ་དང་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་ཤུགས་གང་ཡོད་འདོན་དགོས། རིམ་ཁག་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་སྟེ། དེའི་ནང་སོལ་གློག་ཁེ་ལས་ཀྱི་ཁྲལ་འགྱངས་སོགས་ཀྱི་ཐད་བཏོན་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐུན་སྦྱོར་བཀོད་གཏོང་ཡག་པོ་བྱེད་པ། གློག་དང་རྡོ་སོལ་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ། ས་གནས་ཁག་གཅིག་གི་གློག་ཤུགས་མི་འདང་བའི་གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་ནས། “གློག་སྤྱོད་ཚོད་འཛིན་དང་ཐོན་སྐྱེད་བྱེད་མཚམས་འཇོག་པའི”སྣང་ཚུལ་གསར་པ་མི་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད།
    ལི་ཁེ་ཆང་གིས་ལས་ཞུགས་སྐུལ་འདེད་ལྟེ་གནས་སུ་ཕེབས་ནས་ཧྲང་ཧའེ་གྲོང་ཁྱེར་གྱིས་ལས་ཞུགས་རྒྱ་སྐྱེད་གཏོང་བ་དང་བབ་བསྟུན་ལས་ཞུགས་བྱེད་པ་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་རེད། ལྟེ་བའི་དངོས་སྦྱོང་བྱ་ཡུལ་དུ། ལི་ཁེ་ཆང་གིས་རྩལ་ནུས་གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཚོ་དང་སྤེལ་རེས་གནང་ནས་ད་ཆ་རྩལ་ནུས་མཐོ་བའི་ཤེས་ལྡན་པ་དཀོན་པས་ཁྱེད་ཚོས་གོ་སྐབས་ལ་གཅེས་སྤྲས་དང་། ལག་རྩལ་ཁོང་དུ་ཆུད་པ། ལས་ཞུགས་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ལི་ཁེ་ཆང་གིས་དེ་གར་ཡོད་པའི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་འགན་ཁུར་བར་དཀའ་ངལ་གང་ཞིག་ཡོད་མེད་དང་རྒྱལ་ཁབ་ཀྱིས་ཕྱོགས་གང་དག་གི་སྲིད་ཇུས་འདོན་རྒྱུའི་རེ་བ་ཡོད་དམ་ཞེས་བཀའ་འདྲི་གནང་བས། ཚང་མས་ཁེ་ལས་ལ་མུ་མཐུད་ཁྲལ་རིན་གཉིས་གཅོག་བྱ་རྒྱུའི་བསམ་འཆར་རྒྱ་ཁྱབ་ངང་བཏོན་པ་རེད།

  
style="display:none;"