མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་08ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་ སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་སེང་གསན་པ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུ་གསན་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་6ཉིན་གྱི་ཉིན་གང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་སེང་གསན་པ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ང་ཚོའི་ཏང་ཡོན་ཁྲི་9500ཡོད་པའི་ཏང་ཆེན་པོ་དང་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོ་དེ་བཅོས་སྐྱོང་ཡག་པོ་བྱེད་པར། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྒྱུ་མཚན་གཙོ་བོ་ནི། ང་ཚོས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་གཡོ་འགུལ་མི་བཏང་བ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་གཡོ་འགུལ་མི་བཏང་བར་ཐུག་ཡོད། ཏང་ཀྲུང་དབྱང་གིས་ལོ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་སེང་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུ་གསན་པ་དེ་ནི་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པར་དཔེ་སྟོན་གྱི་ནུས་པ་ཐོན་ཡོད། དེ་ཕྱིར་ཡུན་རིང་མཐའ་འཁྱོངས་བྱེད་དགོས།
     ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་གཡོ་འགུལ་སྤུ་ཙམ་ཡང་མི་བཏང་བར། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ནས་རང་འགན་གཙང་སྒྲུབ། ཏང་ཙུའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་ཆེད་ཁོར་ཡུག་བཟང་པོ་ཞིག་བཏོད་ནས་ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
     ཚོཌ་འདུའི་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར་རང་འགན་གཙང་སྒྲུབ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཏང་ནང་ངོས་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཚོགས་པའི་ལས་དོན་དང་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལ་མཛུབ་ཁྲིད་བྱེད་པ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འདི་ལོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དཔུང་སྐྱོད་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་པ་དང་། རང་རེའི་ཏང་གིས་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་འཛུཌ་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཏན་ཏིག་ལེན་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བ་སེམས་སུ་བཅངས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་གྲ་སྒྲིག་དང་སྐོང་འཚོག་བྱེད་པ་དམ་འཛིན་བྱ་གཞིར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་རྒྱུན་འཁྱོངས། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ། འཕེལ་ཕྱོགས་ཆེན་པོར་རྟོག་ཞིབ་དང་། འཕོ་འགྱུར་ལ་ཁ་གཏད་གཅོག་པ། འབྱུང་འགྱུར་ལ་ལྟ་བ། སེམས་ནུས་གཅིག་སྒྲིལ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བཅས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ཡག་པོ་སྒྲུབ་དགོས།
     དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལྟར་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས། ཏང་ཙུའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ནན་ཏན་སྒྲུབ་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་གྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ནས་བློ་གྲོས་དང་སྟོབས་ཤུགས་རྒྱུན་ཆད་མེད་པར་བསྡུ་ལེན་བྱས་ཏེ། སྤོབས་སེམས་ཆེར་བསྐྱེད་དང་ཟུངས་ཤུགས་རབ་འཕེལ་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱར་དམིགས་ནས། རང་ངོས་ཀྱི་འགན་འཁྲི་དང་ངེས་གནས་ལ་གཞི་ཚུགས་པ་དང་། གཙོ་གནད་མངོན་གསལ་དོད་པོས་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བཅས་བྱས་ནས། ཏང་ཀྲུང་དབྱང་གིས་སྒྲུབ་རྒྱུར་སྤྲད་པའི་ལས་འགན་ཁག་ལེགས་པར་སྒྲུབ་དགོས།

  
style="display:none;"