མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་གཱ་ཡེ་ཧྥུའུ་ལ་ངག་འཕྲིན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་09ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། 2022ལོའི་ཟླ་1ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་གཱ་ཡེ་ཧྥུའུ་ལ་ངག་འཕྲིན་སྤྲིངས་པ་རེད།
     ངག་འཕྲིན་ནང་ཞི་ཅིན་ཕིང་གིས། ཉེ་ཆར། ཧ་སག་སི་ཐན་དུ་གཞི་ཁྱོན་ཆེ་བའི་ཟིང་ཆ་ལངས་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བྱུང་ཡོད་པས། ངས་ཁྱེད་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན། ཁྱེད་ཀྱིས་འགག་རྩའི་དུས་སུ་འཕྲལ་ཐག་ཆོད་པོས་བྱ་ཐབས་ནུས་ལྡན་སྤྱད་ནས་དོན་རྐྱེན་མགྱོགས་མྱུར་ཞོད་འཇགས་བཏང་བ་ལས། ཆབ་སྲིད་མཁས་ཅན་ཞིག་གི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། རྒྱལ་ཁབ་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་ལངས་ཕྱོགས་མངོན་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཏོགས་གང་རུང་ཞིག་གིས་ཧ་སག་སི་ཐན་གྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་ཧ་སག་སི་ཐན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཕྱོགས་གཏོགས་གང་རུང་ཞིག་གིས་ཧ་སག་སི་ཐན་མི་དམངས་ཀྱི་ཞི་འཇམ་འཚོ་བར་གཏོར་བཤིག་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ། ཕྱི་རོལ་ཕྱོགས་གཏོགས་ཀྱིས་ཧ་སག་སི་ཐན་དུ་རྐང་བཙུགས་ནས་ཟིང་ཆ་སློང་བ་དང་“ཚོས་གཞིའི་གསར་བརྗེ”ཇུས་འདོན་ངན་སྐུལ་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་ལ་གཏོར་བཤིག་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་འགལ་རྐྱེན་བཟོ་བའི་རེ་ངན་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། སྤུན་ཟླ་ལྟ་བུའི་ཁྱིམ་མཚེས་རྒྱལ་ཁབ་དང་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པའི་ངོས་ནས། ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་གང་ཡོད་རྒུས་ཧ་སག་སི་ཐན་ཕྱོགས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་བྱས་ཏེ་ཧ་སག་སི་ཐན་ཕྱོགས་དཀའ་གནད་ལས་སྒྲོལ་རོགས་བྱེད་འདོད་ཡོད། ཉེན་ཁ་དང་འགྲན་སློང་གང་འདྲ་ཞིག་འཕྲད་རུང་། ཀྲུང་གོ་ནི་ཧ་སག་སི་ཐན་གྱི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཞིག་ཡིན་པས། ཀྲུང་གོ་མི་དམངས་ཀྱིས་ཧ་སག་སི་ཐན་གྱི་མི་དམངས་དང་མཉམ་དུ་ནམ་ཡང་ཕྱོགས་གཅིག་ཏུ་ལངས་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

  
style="display:none;"