མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་དང་ཞལ་པར་ཐོག་ནས་བཀའ་
མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་12ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་10ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ལོ་གསར་པ་འགོ་ཚུགས་མ་ཐག་ཁྱེད་དང་ཁ་པར་ཐོག་ནས་བཀའ་མོལ་བྱུང་བར་ཧ་ཅང་དགའ་པོ་བྱུང་། འདས་མ་ཐག་པའི་ལོ་གཅིག་ནི་ཀྲུང་གོ་དང་བྷེ་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ངས་རྣམ་པ་སྣ་ཚོགས་བརྒྱུད་ཁྱེད་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་བྷེའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་དང་བྷེ་ཨུ་རུ་སུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བའི་ལོ་ཞིག་རེད། ལོ་30ཡི་རིང་ཀྲུང་བྷེའི་འབྲེལ་བའི་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོ་ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཉིས་ཕན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླར་གྱུར་ཡོད། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་དང་ཀྲུང་གོ་དང་བྷེ་ཨུ་རུ་སུས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ཡུལ་དུས་སུ་མཉམ་ལས་ནུས་ལྡན་བྱས་ནས་ཕ་རོལ་པོས་རང་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་དེ་ཐོག་ནས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་མཉམ་ལས་ཀྱི་འཐབ་ཇུས་རིན་ཐང་མངོན་ཡོད། དུས་བབ་གསར་པའི་འོག་ཕྱོགས་གཉིས་པོས་མུ་མཐུད་གཞོགས་འདེགས་དམ་ཟབ་བྱས་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་བྱས་ཤིང་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱེད་དགོས། ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་བྷེ་ཨུ་རུ་སུའི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱས་ནས་བྷེ་ཨུ་རུ་སུ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུར་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་དག་པའི་དམངས་གཙོའི་ལྟ་བ་དང་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
    ལུའུ་ཁ་ཧྲེན་ཁོའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་སླར་ཡང་རྟེན་འབྲེལ་ཞུས་ཤིང་། ལུའུ་ཁ་ཧྲེན་ཁོའོ་ཡིས་བྷེ་ཨུ་རུ་སུའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་དང་བརྩེ་སེམས་བཅངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བྷེ་ཨུ་རུ་སུ་ཕྱོགས་ལ་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་དང་བདེན་འཛིན་གྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་དུས་བབ་འོག བྷེ་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་ཐུབ་རྒྱུའི་རེ་བ་ཡོད། བྷེ་ཨུ་རུ་སུ་ཕྱོགས་ཀྱིས་འདི་ལོ་བྷེ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་གོ་སྐབས་སུ་བྱས་ནས། བྷེ་ཀྲུང་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་གོང་འཕེལ་བཏང་སྟེ་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་གྱིས་བྷེ་ཀྲུང་བཟོ་ལས་གླིང་འཕེལ་རྒྱས་ཡག་པོ་གཏོང་བ་དང་རིམས་ནད་འགོག་བཅོས་དང་། ཀྲུང་ལུགས་གསོ་རིག་གི་མཉམ་ལས། ཚོང་དོན་མ་འཇོག སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། བྷེ་ཨུ་རུ་སུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་མཉམ་ལས་རོགས་ཟླ་ཞིག་ཡིན། ཀྲུང་གོའི་མི་དམངས་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"