མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་13ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ན་ནིང་ནས་བཟུང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་འོག་ཏུའང་ཞུམ་མེད་མདུན་སྐྱོད་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད། རྒྱལ་ཁབ་གཉིས་པོས་མཐོ་རིམ་དབར་སྐད་ཆ་ཤོད་རེས་ཀྱི་མཉམ་ལས་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་པ་དང་ཆབ་སྲིད་དང་། དཔལ་འབྱོར། མི་ཆོས་རིག་གནས། མཚོ་ཐོག་བཅས་ཕྱོགས་བཞིར་སྐུལ་འདེད་བཏང་ནས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྣམ་པ་གསར་པ་བཏོད་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་རྒྱལ་ཁབ་ཀྱི་ཆེད་དུ་འཕེལ་རྒྱས་དོན་གཉེར་དང་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པའི་ལམ་བུའི་ཐོག་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་འདོད་མཐུན་བྱུང་ཡོད། དུས་རབས་ཀྱི་འགྱུར་ལྡོག་དང་ལོ་བརྒྱར་འཕྲད་མ་མྱོང་བའི་རིམས་ནད་ཀྱི་མདུན་དུ་ཕྱོགས་གཉིས་པོས་ལས་དབང་གཅིག་མཐུན་འདུས་གྲུབ་ཧུར་ཐག་གཏོད་དགོས། དམིགས་ཚད་དེ་མངོན་འགྱུར་བྱེད་པའི་འགག་རྩ་ནི་ཞིབ་ཕྲའི་བྱ་བ་རེ་རེ་བཞིན་ཡག་པོ་བསྒྲུབ་རྒྱུ་དེ་ཡིན་ཞེས་མཛུབ་སྟོན་གནང་བ་རེད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)
    ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཐུན་མོང་ཐོག་རིམས་ནད་འགོག་རྒོལ་བྱས་ནས་འཕྲོད་བསྟེན་བདེ་ཐང་གི་མཉམ་ལས་དཔེ་སྟོན་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་རིམས་འགོག་སྨན་ཁབ་ཀྱི་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་མཉམ་ལས་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་མུ་མཐུད་བྱས་ནས་ཧིན་རྡུ་ཉི་ཞི་ཡར་ས་ཁོངས་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་ལྟེ་གནས་གཏོད་རོགས་བྱས་ཏེ་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྨང་གཞིའི་ཐོག་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་ཐུན་མོང་ཐོག་འཕེལ་རྒྱས་བཏང་ནས་དངོས་སྒྲུབ་མཉམ་ལས་ཀྱི་ཚད་རྟགས་འཛུགས་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དང་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་དང་ཟུང་འབྲེལ་བྱས་ནས་རིམས་ནད་རྗེས་ཀྱི་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་པོས་ཅ་དབན་མྱུར་བགྲོད་ལྕགས་ལམ་བསྐྲུན་པ། “ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས”དང“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”སོགས་གཙོ་གནད་རྣམ་གྲངས་ལག་བསྟར་ཡག་པོ་བཅས་བྱས་ནས། ནུས་རྒྱུ་གསར་པ་དང་། ཐཱན་ཉུང་། གྲངས་འཛིན་དཔལ་འབྱོར། མཚོ་ཐོག་མཉམ་ལས་སོགས་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཕན་པའི་བྱ་བ་ཞིག་ཡིན་ཚེ་ཀྲུང་གོས་དེའི་ནང་ཧུར་ཐག་ཞུགས་པ་དང་ནུས་ཤུགས་ཡོད་རྒུས་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཙུའོ་ཁོ་ཡིས་ངས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུའི་ཡིད་ཆེས་ཡོད། ན་ནིང་། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཚོང་དོན་མ་འཇོག་མགྱོགས་མྱུར་འཕར་བ་དང་། འཕྲོད་བསྟེན་སྨན་བཅོས་མཉམ་ལས་དང་ལྷག་པར་དུ་རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་མཉམ་ལས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། ཧིན་རྡུ་ཉི་ཞི་ཡའི་རིམས་འགོག་སྨན་ཁབ་80%ཀྲུང་གོ་ནས་ནང་འདྲེན་བྱས་ཡོད། ཅ་དབན་ལྕགས་ལམ་འཛུགས་སྐྲུན་བདེ་བླག་བྱུང་ནས་དུས་བཀག་ལྟར་མེ་འཁོར་ཤར་གཏོང་ཐུབ་རེ་ཡོད་པ་དང་། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཡག་པོ་དེ་ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཕན་ལས་བྱུང་བ་ཡིན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་རིམས་ནད་འགོག་རྒོལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། “ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས”དང“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”འཛུགས་སྐྲུན་ཡག་པོ་བཅས་བྱས་ནས་ཀྲུང་གོའི་ཁེ་ལས་ཧིན་རྡུ་ཉི་ཞི་ཡར་མ་འཇོག་བྱེད་པར་ཡོང་སྟེ་ལག་རྩལ་མཐོ་པོ་དང་ལྗང་མདོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། འདི་ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཐུན་སྒྲིལ་དང་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"