མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་17ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་དང་རྒྱ་སྟོབས་ཆེ་རུ་གཏོང་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་16ཉིན། དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་གཉིས་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་དང་རྒྱ་སྟོབས་ཆེ་རུ་གཏོང་དགོས》ཞེས་པ་བཀོད་ཡོད།
    གསུང་རྩོམ་ནང་ནན་བཤད་གནང་དོན། ཉེ་བའི་ལོ་ཤས་རིང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་པ་དང་། ཁྱབ་འགྱེད་ཀྱི་ཁྱབ་ཁོངས་ཆེ་བ། ཤུགས་རྐྱེན་ཐེབས་ཚད་གཏིང་ཟབ་པ་བཅས་སྔར་ན་མེད་པ་བྱུང་སྟེ། གོ་ལ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བསྐྱར་སྒྲིག་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲུབ་ཆ་བསྐྱར་འཛུགས། གོ་ལ་ཧྲིལ་པོའི་འགྲན་རྩོད་རྣམ་པར་འགྱུར་ལྡོག་བཅས་གཏོང་བའི་འགག་རྩའི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་སྐབས་ང་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱེད་པའི་མཐོ་ཚད་ཐོག་ནས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་དང་དོན་ཆེན་གཉིས་ཡིན་པའི་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། ཕོན་འབོར་ཆེ་བའི་གྲངས་གཞི་དང་ཕུན་སུམ་ཚོགས་པའི་བཀོལ་སྤྱོད་སྣང་ཚུལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། གྲངས་འཛིན་ལག་རྩལ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྒུལ་ཤུགས་སྦྱིན་པ། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་གསུམ་ཐོན་ཐབས་བྱེད་པ་བཅས་བྱས་ནས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་དང་རྒྱ་སྟོབས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས།
   གསུང་རྩོམ་ནང་བསྟན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ཞིང་། དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས་ཏེ་རྒྱལ་ཁབ་ཀྱི་རིམ་ངོས་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་ཡོད། ལོ་དེ་དག་རིང་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དུས་མཚུངས་སུ་ང་ཚོས་འཛམ་གླིང་གི་གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོ་དང་རྒྱལ་ཁབ་སྟོབས་ཆེན་དང་བསྡུར་ཚེ། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་ཆེ་ཡང་སྟོབས་ཤུགས་ཆེན་པོ་མེད་པ་དང་། མྱུར་ཚད་མགྱོགས་ཀྱང་སྤུས་ཚད་མཐོ་པོ་མེད་པ་མཐོང་ཐུབ་པ་བྱེད་དགོས་པ་མ་ཟད། ད་དུང་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་འགྲོ་བའི་ཁྲོད་དུ་སྐྱོན་ཆ་ལྡན་པ་དང་ཚད་དང་མ་མཐུན་པ་འགའ་ཤས་བྱུང་ཡོད། གནད་དོན་དེ་དག་གི་ཤུགས་རྐྱེན་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐེབས་པ་མ་ཟད། བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དངུལ་རྩའི་བདེ་འཇགས་ལའང་ཉེན་ཁ་བཟོས་པས་ངེས་པར་དུ་ཡོ་བསྲང་དང་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
    གསུང་རྩོམ་ནང་བསྟན་གནང་དོན། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་གོ་སྐབས་གསར་པ་སྟངས་འཛིན་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཚེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་རྒྱུ། རྒྱལ་ཁབ་ཀྱི་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གཏོད་རྒྱུ་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད།
    གསུང་རྩོམ་ནང་བསྟན་གནང་དོན། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཚད་ལྡན་དུ་གཏོང་བ། གྲངས་འཛིན་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་དགོས།
    གསུང་རྩོམ་ནང་གྲངས་འཛིན་དཔལ་འབྱོར་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། དེས་ན་རང་རྒྱལ་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་དང་སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

  
style="display:none;"