མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་
ཀྱང་གནང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་19ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་1ཚེས་17ཉིན་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་པ་དང་འབྲེལ། 《ཡིད་ཆེས་བརྟན་པོ་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་གནང་བ།

ཟླ་1ཚེས་17ཉིན་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་པ་དང་འབྲེལ། 《ཡིད་ཆེས་བརྟན་པོ་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་གནང་བ།

    ཞི་ཅིན་ཕིང་2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ། ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་བྱེད་པ་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་བཏང་ནས་ཡིད་ཆེས་བརྟན་པོ་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་གཏོད་དགོས་པའི་ནན་བཤད་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་པ་དང་འབྲེལ། 《ཡིད་ཆེས་བརྟན་པོ་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་དང་ཐོག་བསྟན་དོན། གཟའ་འཁོར་གཉིས་སོང་རྗེས། ཀྲུང་གོའི་ལུགས་རྙིང་གི་སྟག་ལོའི་དཔྱིད་གསར་དུས་ཆེན་རེད། ཀྲུང་གོའི་རིག་གནས་ནང་སྟག་ནི་དཔའ་ངར་དང་སྟོབས་ཤུགས་ཀྱི་མཚོན་རྟགས་ཤིག་ཡིན་པ་དང་། ཀྲུང་གོ་བས་ངག་རྒྱུན་དུ་རྒྱ་སྟག་གཡུ་འབྲུག་དང་སྟག་འགྱིང་འབྲུག་འཁོར་ཞེས་པ་སོགས་སྟག་དང་འབྲེལ་བའི་བདེ་རྩལ་དང་རྫིག་ཉམས་མཚོན་པའི་གཏམ་མང་པོ་བརྗོད་སྲོལ་ཡོད། མིག་སྔར་མིའི་རིགས་ལ་འཕྲད་པའི་འགྲན་སློང་དྲག་པོའི་མདུན་དུ། ང་ཚོས་སྟག་ལ་གཤོག་ཟུང་བསྒར་བ་དང་སྟག་གི་ཟིལ་རྔམ་ཇི་བཞིན་དུ་མདུན་སྐྱོད་ལམ་བུའི་ཐོག་གི་འགོག་རྐྱེན་སྣ་ཚོགས་དཔའ་ངར་ཆེན་པོས་སེལ་བ་དང་། ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ནུས་ཤུགས་ཡོད་རྒུས་སེལ་བ། དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས་རེ་བའི་ཉི་འོད་མིའི་རིགས་ལ་འཕྲོ་བར་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འཕྲད་བཞིན་ཡོད། འགྱུར་ལྡོག་འདི་ནི་དུས་སྐབས་གཅིག་དང་བྱ་བ་གཅིག་དང་། རྒྱལ་ཁབ་གཅིག་དང་ས་ཁོངས་གཅིག་ཁོ་ན་ཙམ་མ་ཡིན་པར་གཏིང་ཟབ་ཅིང་རྒྱ་ཆེ་བའི་དུས་རབས་ཀྱི་འགྱུར་ལྡོག་ཅིག་རེད། དུས་རབས་ཀྱི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་འཕྲད་པས་འཛམ་གླིང་འདི་ཡོ་ལང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ཡོད། ཇི་ལྟར་བྱས་ནས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་རིམས་ནད་ཀྱི་དུས་མཇུག་གི་དུས་སྐབས་ཀྱི་འཛམ་གླིང་ཇི་ལྟར་སྐྲུན་དགོས་པ་དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཞིག་རེད་ལ། ང་ཚོས་ངེས་པར་དུ་ལན་འདེབས་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཀྱང་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “རྒྱལ་ཁམས་དར་བ་མ་བྱས་ན་རྒུད་པར་ངེས། རྒྱལ་ཁམས་མ་བསྐྱངས་ཚེ་ཉམས་པར་ངེས” འཛམ་གླིང་ནི་རྟག་ཏུ་འགལ་ཟླའི་འགུལ་སྐྱོད་ཁྲོད་འཕེལ་རྒྱས་འགྲོ་གི་ཡོད་པས་འགལ་ཟླ་མེད་ན་འཛམ་གླིང་ཡང་མེད། ལོ་རྒྱུས་ལ་རྒྱང་ལྟ་བྱས་ཚེ། མིའི་རིགས་ནི་ཚོད་བགམ་རེ་རེ་བཞིན་ལས་རྣམ་པར་རྒྱལ་བའི་ཁྲོད་འཚར་ལོངས་བྱུང་བ་དང་ཉམས་ཉེན་རེ་རེ་བཞིན་ཁྱད་བསད་བྱེད་པའི་ཁྲོད་འཕེལ་རྒྱས་འགྲོ་བཞིན་ཡོད། ང་ཚོས་ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་བྱེད་པ་དང་དུས་རབས་འཕེལ་རྒྱས་འགྲོ་བའི་རླབས་རྒྱུན་ཁྲོད་འཕེལ་རྒྱས་གཏོང་དགོས། ལོ་རྒྱུས་ཀྱི་དུས་འཁོར་རིང་པོའི་ཞིབ་བསྡུར་དབྱེ་ཞིབ་ཁྲོད་བསམ་གཞིག་བྱེད་མཁས་པོ་དགོས་ལ། ཞིབ་ཕྲའི་ཁྲོད་ནས་བྱ་དངོས་ཀྱི་འགྱུར་ལྡོག་གསལ་རྟོགས་བྱེད་མཁས་པོའང་བྱས་ཏེ། ཉམས་ཉེན་ཁྲོད་གོ་སྐབས་གསར་པ་སྐྱེད་སྲིང་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་བཏོད་ནས་དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་དགོས།
    གཅིག ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ནུས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་དགོས། གོ་ལ་ཧྲིལ་པོའི་ཉམས་ཉེན་གྱི་རླུང་རླབས་དྲག་པོའི་ཁྲོད་རྒྱལ་ཁབ་ཁག་ནི་གྲུ་ཆུང་190ལྷག་ཙམ་ཐོག་བསྡད་པ་ཞིག་མིན་པར་ལས་དབང་གཅིག་ཏུ་འབྲེལ་བའི་གྲུ་ཆེན་ཞིག་ནང་བསྡད་ཡོད། གྲུ་ཆུང་གིས་རླུང་རླབས་དྲག་པོ་ཐེག་མི་ཐུབ་པ་དང་གྲུ་ཆེན་གྱིས་རླབས་རྒྱུན་དྲག་པོ་ཐེག་ཐུབ། ཡིད་ཆེས་བརྟན་པོ་དང་ཕྱར་བ་གྲུ་འདེགས་བྱ་རྒྱུ་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་བགྲོད་ལམ་ཡང་དག་འབའ་ཞིག་དེ་ཡིན། ཕན་ཚུན་རྙོག་དྲ་བཟོ་རེས་བྱེད་པ་དང་དོན་མེད་ཁག་དཀྲི་བཏགས་རེས་བྱེད་པའི་བྱེད་སྤྱོད་གང་རུང་གིས་གོ་སྐབས་ཤོར་སྲིད་པ་དང་སྤྱི་ཡོངས་ལ་འགོག་རྐྱེན་བཟོ་སྲིད་པ་དོན་དངོས་ལས་སླར་ཡང་གསལ་བཤད་བྱས་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སྨན་རྫས་ཞིབ་འཇུག་གསར་སྤེལ་ཐད་མཉམ་ལས་ཧུར་ཐག་བྱེད་པ། ནད་ཡམས་འགོག་པའི་འགོག་སྲུང་འཛིང་རགས་སྣ་ཚོགས་ཐུན་མོང་ཐོག་སྐྲུན་པ་བཅས་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་མགྱོགས་མྱུར་བསྐྲུན་དགོས་ལ། ལྷག་པར་དུ་ནུས་ལྡན་མཚོན་ཆ་རིམས་འགོག་སྨན་ཁབ་དེ་ཡག་པོ་སྤྱད་དེ་རིམས་འགོག་སྨན་ཁབ་བགོ་བཤའ་དྲང་གཞག་ཡོང་བའི་འགན་ལེན་དང་། སྨན་ཁབ་རྒྱག་པའི་མྱུར་ཚད་མགྱོགས་སུ་གཏོང་བ། རྒྱལ་སྤྱིའི“རིམས་འགོག་གི་འགལ་རྐྱེན་ཆེན་པོ”སེལ་བ་བཅས་བྱས་ཏེ་ཚེ་སྲོག་གི་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་དང་མི་དམངས་ཀྱི་འཚོ་བ་འགན་ལེན་ཡག་པོ་བྱེད་དགོས།
    གཉིས། ཉེན་ཁ་སྣ་ཚོགས་བསལ་ནས་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་ལས་སྒྲོལ་བཞིན་ཡོད་མོད། འོན་ཀྱང་ཚོད་འཛིན་གྱི་རྒྱུ་རྐྱེན་མང་པོ་འཕྲད་བཞིན་ཡོད། ང་ཚོས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཆ་རྐྱེན་འོག་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་དང་། སྤྱི་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་གསར་པ། མི་སྣ་འགྲོ་འོང་གི་ཐབས་ལམ་གསར་པ་བཅས་འཚོལ་ཞིབ་བྱས་ཏེ། མངའ་ཁོངས་སྒྲོལ་བའི་ཚོང་དོན་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་ངང་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ནས་འཛམ་གླིང་དཔལ་འབྱོར་སླར་གསོའི་འཕེལ་རིམ་བརྟན་ཞིང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། འཛམ་གླིང་རྒྱལ་ཁབ་ཁག་གིས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་དང་། མཐུན་རྐྱེན་སྐྲུན་པ་ལས་འགལ་རྐྱེན་བཟོ་མི་རུང་བ་དང་། སྒོ་མོ་ཕྱེ་བ་ལས་སྒོ་བཀག་རང་སྡོམ་མི་བྱེད་པ། མཉམ་འདྲེས་བྱེད་པ་ལས་ཁ་ཕྲལ་ལོག་དབྱེ་མི་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་འཛམ་གླིང་དཔལ་འབྱོར་གྱི་གསོན་ཤུགས་དེ་བས་འཕེལ་བ་བྱེད་དགོས། འཛམ་གླིང་གི་དཔལ་འབྱོར་ཉམས་ཉེན་ལས་ཐར་བར་སྐུལ་འདེད་དང་སླར་གསོ་ཡོང་བ་བྱེད་དགོས་ན། ངེས་པར་དུ་གཞི་ཆེའི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། དཔལ་འབྱོར་དངོས་ཚན་ཁག་གིས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པ་དང་། ཆ་ཚང་བའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་ཆ་འཕྲིན་ཕྱི་གསལ་ནང་གསལ་དང་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཀྱི་དམིགས་ཚད་དང་། ཤུགས་ཚད། མྱུར་ཚད་བཅས་མཐུན་སྦྱོར་ཡག་པོ་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་གཙོ་བོ་དག་གིས་འགན་འཁུར་བའི་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱས་ཏེ། སྲིད་ཇུས་ཀྱི་ཕྱི་ཕྱོགས་ཕན་འབྲས་ཚོད་འཛིན་ཡག་པོ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྡབ་རྡེག་ཚབས་ཆེན་མི་ཕོག་པ་བྱེད་དགོས། རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་སྒྲིག་གཞིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་། རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ། སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁར་འགོག་ཟོན་བྱེད་དགོས།
    གསུམ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་འགལ་རྐྱེན་བསལ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་བསྐྱར་དར་ཡོང་བ་བྱེད་དགོས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་འཕེལ་རིམ་ལ་རྡབ་རྡེག་ཚབས་ཆེན་ཕོག་ནས་མིའི་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་ལོ་ངོ་30ཡི་རིང་ཐོག་མར་ཆག་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གཅིག་རིམས་ནད་རྐྱེན་གྱིས་དབུལ་པོར་བསྐྱར་ལོག་དང་ཟང་ཟིང་དུ་གྱུར་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་མང་པོ་ཞིག་ཀྱང་འཚོ་བ་དཀའ་ངལ་གྱི་གནས་སུ་གྱར་ཡོད། དཀའ་ངལ་གང་ཞིག་འཕྲད་ཀྱང་། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་འགན་ལེན་བྱེད་པ་གོ་ལ་ཧྲིལ་པོའི་གཞི་ཆེའི་སྲིད་ཇུས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱས་ནས་ད་ཡོད་འཕེལ་རྒྱས་མཉམ་ལས་ལམ་སྲོལ་མཐུན་སྦྱོར་དང་ཕན་འཕར་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོ་དོ་སྙོམས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་སྒྲོམ་གཞིའི་ནང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་གྲུབ་འབྲས་དོན་འཁྱོལ་བྱེད་དགོས། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་ཁག་གིས་བཙོག་འབུད་ཉུང་གཏོང་གི་འགན་འཁྲི་སྔོན་ལ་སྒྲུབ་པ་དང་། མ་དངུལ་དོན་འཁྱོལ། ལག་རྩལ་རྒྱབ་སྐྱོར་གྱི་ཁས་ལེན་བཅས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་ཆེད་དགོས་ངེས་ཀྱི་མཐུན་རྐྱེན་སྐྲུན་དགོས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ནི་འཛམ་གླིང་ཡོངས་ལ་སྒོ་མོ་འབྱེད་པའི་སྤྱི་པའི་ཐོན་རྫས་ཤིག་རེད། ཀྲུང་གོས་ཕྱོགས་ཁག་དང་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གང་རུང་རྗེས་ལུས་མི་ཐེབས་པ་ཧུར་ཐག་བྱེད་འདོད་ཡོད།
    བཞི། འཇམ་འཐབ་ཀྱི་བསམ་བློ་དོར་ནས་ཞི་བདེ་མཉམ་གནས་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས། དེང་གི་འཛམ་གླིང་ཞི་བདེ་དེ་ཙམ་མེད། འཁོན་འཛིན་སློང་བ་དང་ཕྱོགས་རིས་ཀྱི་གཏམ་བརྗོད་མི་ཉུང་བ་ཐོས་རྒྱུ་ཡོད། དེ་ལས་བྱུང་བའི་བཀག་རྒྱ་སྣ་ཚོགས་དང་། མགོ་གནོན་པ། ཐ་ན་འགྲན་རྒོལ་བྱེད་པ་བཅས་ཀྱིས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་གནོད་པ་བརྒྱ་ལས་ཕན་པ་གཅིག་ཀྱང་མེད། འགྲན་རྒོལ་བྱས་ན་ཕན་པ་གང་ཡང་མེད་པ་མ་ཟད། ད་དུང་ཆག་སྒོ་ཆེན་པོའི་མཇུག་འབྲས་ཀྱང་ཐོན་སྲིད། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་སྤེལ་ན། སུས་ཀྱང་སྲུང་སྐྱོང་བྱེད་མི་ཐུབ་པ་མ་ཟད། མཐར་རང་གཞན་གཉིས་ཀར་གནོད་འཚེ་ཕོག་སྲིད། བཙན་དབང་དང་ཧམ་ཤེད་བྱེད་པ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་དེ་བས་ལྡོག་པ་ཞིག་ཡིན། རྒྱལ་ཁབ་དབར་འགལ་ཟླ་དང་མི་མཐུན་པ་ཡོང་སྲིད་མོད། འོན་ཀྱང་ཁྱོད་ཕམ་ང་རྒྱལ་གྱི་རྒྱལ་ཕམ་དགྲ་འཛིན་བྱས་ན་ཕན་ཐོགས་གང་ཡང་མེད། ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་ནི་མི་ཡུལ་གྱི་འགྲོ་ལམ་ཡང་དག་ཡིན། རྒྱལ་ཁབ་མི་འདྲ་བ་དང་ཤེས་དཔལ་མི་འདྲ་བ་ཕན་ཚུན་བརྩི་འཇོག་བྱེད་པའི་ཁྲོད་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པའི་ཁྲོད་མཉམ་ལས་གཉིས་ཕན་ཡོང་བ་ལོ་རྒྱུས་ལས་ར་སྤྲོད་ཡང་ཡང་བྱས་ཡོད། ང་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་ཡོང་བར་གཞོལ་ནས་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་དགོས། གླེང་མོལ་མཐའ་འཁྱོངས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་བསྟུན་མཁས་བྱེད་པ་ལས་ཟུར་འབུད་མི་བྱེད་པ་མཐའ་འཁྱོངས་བྱས་ཏེ་རྣམ་པ་གང་རུང་གི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་དང་རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ན་ནིང་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་བརྩོན་ཡུན་རིང་བྱས་པས། རྒྱལ་ཁབ་འཛུགས་སྐྲུན་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་ཐད་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་སྟེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱུང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་དུས་བཀག་ལྟར་རྒྱལ་ཁ་ཐོབ་ནས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་ཤིང་། ད་ཆ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་བཞིན་ཡོད།
    —— ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་གྱི་སྤྱི་ཡོངས་ཀྱི་འཕེལ་ཕྱོགས་བཟང་བ་དང་། ན་ནིང་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%ཙམ་འཕར་ཏེ་འཕར་ཚད་ཅུང་མཐོ་བ་དང་དངུལ་ལོར་འགྲེམས་ཐལ་ཤོར་ཚད་ཅུང་ཆུང་བའི་དམིགས་ཚད་ཉིས་བརྩེགས་མངོན་འགྱུར་བྱུང་ཡོད། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་ཁོར་ཡུག་གི་འགྱུར་ལྡོག་རྐྱེན་གྱིས་གནོན་ཤུགས་ཆེན་པོ་ཕོག་མོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་སྟོབས་ཤུགས་འདང་ངེས་ཡོད་པ། ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་བཅས་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པས།
    ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ང་ཚོར་ཡིད་ཆེས་ཆེན་པོ་ཡོད། ཀྲུང་གོས་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་གཏོང་རྒྱུ་ཁ་གསལ་བཏོན་ཡོད་ལ། དེའི་ཆེད་དུ་ཕྱོགས་གང་ཅིའི་ཐད་ནས་འབད་བརྩོན་བྱ་རྒྱུ་ཡིན།
    —— ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་ནམ་ཡང་ཚར་དུས་མེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེང་རྒྱུ་ཡིན། ཀྲུང་གོས་ཐོན་ཁུངས་བགོ་སྒྲིག་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་མུ་མཐུད་འདོན་རྒྱུ་དང་། གཡོ་འགུལ་སྤུ་ཙམ་མེད་པར་སྤྱི་དབང་ལམ་ལུགས་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་གཡོ་འགུལ་སྤུ་ཙམ་མེད་པར་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱ་རྒྱུ་ཡིན། ཀྲུང་གོས་གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་དང་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་བསྐྲུན་ནས་བཅའ་ཁྲིམས་ཀྱི་མདུན་དུ་ཁེ་ལས་ཚང་མའི་གནས་བབ་འདྲ་མཉམ་དང་ཁྲོམ་རའི་མདུན་དུ་གོ་སྐབས་འདྲ་མཉམ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན། རིགས་ཁག་གི་མ་རྩ་ཀྲུང་གོར་ཁྲིམས་མཐུན་སྒྲིག་མཐུན་ངང་གཉེར་སྐྱོང་བྱས་ནས་ཀྲུང་གོའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་ཀྲུང་གོས་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་ཆུ་ཚད་མཐོན་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བ་དང་། སྒྲིག་སྲོལ་དང་། དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། ཕྱི་རྒྱལ་མ་རྩའི་ཁེ་ལས་ལ་རྒྱལ་དམངས་ཀྱི་ཐོབ་ཐང་དོན་འཁྱོལ་བཅས་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།
    —— ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན། དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་མི་རུང་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་དཔལ་འབྱོར་འཕེལ་རྒྱས་དོར་མི་རུང་། ཀྲུང་གོས་རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་རི་ཆུ་ཀླུང་ནགས་དང་ཞིང་མཚོ་མཚེའུ་རྩྭ་བཅས་སྡེབ་གཅིག་ཏུ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཡོད། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ནི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་བླང་བྱ་ཡིན་ལ། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁས་བླངས་པའི་བརྗིད་ཆེའི་དམ་བཅའ་ཡང་ཡིན་པས། ཀྲུང་གོས་ཁ་དན་ཚིག་གནས་དང་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་ཡིན། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ཡོང་བ་བྱེད་པ་ནི་འཐབ་ཐེངས་གཅིག་ལ་རྣམ་པར་རྒྱལ་ཐུབ་པ་ཞིག་མིན། ཀྲུང་གོས་གཏོར་འཛུགས་མཉམ་འཛིན་དང་ཏན་ཏན་ཏིག་ཏིག་ངང་ནུས་རྒྱུ་གཙང་མས་ཚབ་བྱེད་ཆོག་པའི་བརྒྱུད་རིམ་ནང་སྲོལ་རྒྱུན་གྱི་ནུས་རྒྱུ་རིམ་བཞིན་ཉུང་དུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱ་རྒྱུ་ཡིན། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་སྤེལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན།

  
style="display:none;"