མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་22ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་2022ལོའི་ཟླ་1ཚེས་18ཉིན་ནས་ཚེས་20ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་125ཡོད་པ་དང་ཟུར་ཞུགས་མི་སྣ་242ཡོད་པ་རེད།
     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཞུགས་ཡོད་པ་རེད།
     ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། 2021ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་སྡོམ། 2022ལོའི་ལས་འགན་བཀོད་སྒྲིག་བཅས་བྱས་པ་མ་ཟད། བློ་མཐུན་ཀྲའོ་ལེ་ཅིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ཨུད་ཀྱི་ཚབ་ཞུས་ནས་གནང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱད་དེ་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
     ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཤིང་། ཚང་མས་གསུང་བཤད་ནང་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ལ་རྒྱས་བཤད་གཏིང་ཟབ་བྱས་པ་དང་། ཕྱོགས་ཡོངས་དང་གཏིང་ཟབ་པའི་ཤུགས་རྐྱེན་ཐོན་པ། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་འཐབ་ཇུས་བཀོད་སྒྲིག་གནང་ཞིང་། གསུང་བཤད་ནི་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དད་སེམས་བརྟན་པོ་དང་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པའི་བསམ་བློའི་འཁྱེར་སོ་དང་། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་གྲི་དངོ་རང་གཏད་ཀྱི་ཆབ་སྲིད་ཀྱི་བློ་སྟོབས། ཐོག་མའི་བསམ་འདུན་མ་བརྗེད་པ་དང་ཞུམ་མེད་མདུན་སྐྱོད་ཀྱི་འགན་འཁྲི་ཁུར་ཕོད་པ་བཅས་གང་ལེགས་མངོན་པ་མ་ཟད། ཆབ་སྲིད་ཀྱི་རང་བཞིན་དང་། མཛུབ་ཁྲིད་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་པས། འདི་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་ཞིག་རེད་ལ། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་ཕྱོགས་སྟོན་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་རེ་བ་ཟབ་མོ་བཅོལ་ཡོད་ལ། བླང་བྱའང་ཁ་གསལ་བཏོན་ཡོད། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ་བཅས་བྱས་ཏེ་བརྟན་ཞིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་ཁམས་བདེ་ཞིང་དམངས་རྣམས་བདེ་ལ་འཁོད་པའི་སྤྱི་ཚོགས་ཁོར་ཡུག་དང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱེད་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ་བཅས་མགྲིན་གཅིག་ཏུ་ངོས་འཛིན་བྱས་ཡོད།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2021ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་ནས་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་བཟོས་ཏེ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་གསར་པའི་ལམ་བུར་སྐྱོད་འགོ་ཚུགས་པ་བཅས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་མ་ཟད། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་བཙུགས་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་་གཏིང་ཟབ། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་རང་རྟོགས་ངང་འཁུར་བ། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་འགན་འཁྲི་དང་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པ། བརྟན་ཐོག་ཡར་འཕེལ་དང་གོམ་སྟབས་བརྟན་པོ། དངོས་ཐོག་བདེན་འཚོལ། དྲང་སྲུང་གསར་གཏོད་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་དང་། སྤྱོད་གཙང་སྒྲིག་ནན་དང་རུལ་རྒོལ་ཆད་གཅོད་ཀྱི་ཐབས་ཇུས་ངེས་ཤུགས་རྒྱུན་འཁྱོངས། དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་དམིགས་ནས་ལྟ་སྐུལ་འགན་ལེན་ལག་བསྟར་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ལོ་རྒྱུས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་རང་རྟོགས་བརྟན་དུ་གཏོང་དགོས། “ལོ་ལྔ་ཚན་བཅུ་བཞི་པ”འགོ་ཡག་པོ་འཛུགས་རྒྱུར་དམ་པོར་དམིགས་ནས་ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང“འགོ་ཁྲིད་གཙོ་བོ”དང་འགོ་ཁྲིད་ཚན་ཁག་ལ་རྒྱུན་དུ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་གནས་པའི་ཆབ་སྲིད་ཀྱི་ཡོ་ཁྱད་ཡོ་བསྲང་བྱེད་དགོས། རུལ་སུངས་ཀྱི་གྱོད་གཞི་ཚབས་ཆེན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་གཞུང་ཁོངས་ཁེ་ལས་དང་། དངུལ་རྩ། སྲིད་ཁྲིམས། འབྲུ་རིགས་ཉོ་ཚོང་། གསར་སྤེལ་ཁུལ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་རུལ་རྒོལ་ལ་ཤུགས་སྣོན་བརྒྱབ་སྟེ་གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། དུས་དང་རྣམ་པ་ཀུན་ཏུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་བཅས་ཡོ་བསྲང་གཏིང་ཟབ་བྱས་ནས་སྐབས་བརྗེའི་སྒྲིག་ཁྲིམས་དར་སྲོལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཆབ་སྲིད་ཀྱི་སྐོར་གཟིགས་མུ་མཐུད་ཟབ་ཏུ་བཏང་སྟེ་སྐོར་གཟིགས་སྐོར་ཞིབ་ཀྱི་ཕྱོགས་བསྡུས་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་དགོས། སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་མཐའ་འཁྱོངས་བྱེད་པ་དང“རྣམ་པ་བཞི”བཀོལ་སྤྱོད་ཟབ་ཏུ་བཏང་ནས་འགན་འཁྲི་རྩད་གཅོད་གནད་སྨིན་དང་ཚད་ལྡན་ཡོང་བ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས་བར་བརྒལ་དུས་ཀྱི་ཆེད་དོན་ལྟ་སྐུལ་བྱེད་པ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་ནག་གཤེད་དང་འབྲེལ་བའི་རུལ་སུངས་དང“སྲུང་གདུགས”ལ་ཆད་གཅོད་མཐའ་གཅིག་ཏུ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་དབང་ཆར་ལྟ་སྐུལ་ཚོད་འཛིན་ནན་པོ་བཅས་བྱས་ནས“སྒྲོན་འོག་མུན་པ”མཐའ་གཅིག་ཏུ་སེལ་དགོས། ཚང་འཛོམས་གྲོས་ཚོགས་ཐོག་འདས་ཟིན་པའི་ལོ་གཅིག་གི་ལག་ལེན་ཁྲོད་གྲུབ་པའི་ངོས་འཛིན་དང་མྱོང་ཚོར་ཕྱོགས་སྡོམ་དང་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་ཆབས་ཅིག དངོས་ཐོག་བདེན་འཚོལ་ངང་སྒྲིག་བཤེར་ལྟ་ཞིབ་ལས་དོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་གནས་པའི་གནད་དོན་དབྱེ་ཞིབ་བྱས་ནས་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2022ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་ཞིང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ཡག་པོ་བསྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་རང་རྟོགས་ངང་ཁོང་དུ་ཆུད་པ་དང་སྤྱོད་པ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། རང་ངོས་གསར་བརྗེའི་སྙིང་སྟོབས་ནམ་ཡང་མི་ཉམས་པར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་མཛད་ཕྱོགས་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏིང་ཟབ་གཏོང་བ། ཆད་གཅོད་ཟིལ་གནོན་དང་། ལམ་ལུགས་གཅུན་སྡོམ། གོ་རྟོགས་མཐོར་གཏོང་བཅས་ལ་སྡེབ་གཅིག་ཏུ་ཤུགས་སྣོན་རྒྱག་པ། ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་དེ་བས་མང་བ་དང་བཅོས་སྒྲིག་གི་ཕན་འབྲས་དེ་བས་ཆེ་བ་ཐོབ་པའི་འབད་བརྩོན་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྟ་སྐུལ་འགན་ལེན་ལག་བསྟར་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་འདི་ཉིད་སྲིད་ཏང་གཞན་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་ཞིག་རེད་ལ། ཏང་འདི་ཉིད་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་ཐར་བ་དང་ལོ་བརྒྱའི་རིང་གི་འཕོ་འགྱུར་བརྒྱུད་དེ་བས་གསོན་ཤུགས་ལྡན་པར་གྱུར་པའི་གྲུབ་འབྲས་ཀྱི་ཐབས་མཆོག་ཀྱང་རེད། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲིའི་ངེས་གནས་བརྟན་སྲུང་། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་མཐར་ཕྱིན་གཏོང་བ། བསགས་འབོར་གཙང་སེལ་དང་འཕར་གྲངས་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་སྤྱོད་བཟང་སྒྲིག་ནན་ངང་རུལ་རྒོལ་བྱ་རྒྱུ་དེ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ནས་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་བཅས་དོན་འཁྱོལ་ལ་ལྟ་སྐུལ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་སྐྱོང་ཐད་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་བཅས་བྱས་ནས་ནན་ཏན་དང་ཕན་ནུས་ལྡན་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་འགན་ལེན་བྱེད་པར་ཞབས་འདེགས་ཞུ་དགོས།
     གཅིག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“རྒྱལ་ཁབ་ཀྱི་དོན་ཆེན”ལ་དམིགས་ནས་ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བ་དང་ཡག་པོ་འཚོག་རྒྱུ་གཙོ་རྐང་དུ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་རང་ངོས་གསར་བརྗེའི་ལོ་རྒྱུས་ཉམས་མྱོང་བེད་སྤྱོད་གཏིང་ཟབ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་སྟོབས་ལ་སྐུལ་འདེད་གཏོང་བ། ཉེན་ཆེན་འགོག་སེལ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁ་ཕྱོགས་མི་འཛོལ་བ་དང་། བབ་བསྟུན་མི་བྱེད་པ། རྣམ་པ་ཙམ་མི་བྱེད་པ་བཅས་འགན་ལེན་བྱེད་དགོས། “འགག་རྩའི་ཉུང་ཤས”ལ་དམ་པོར་དམིགས་ནས“འགོ་ཁྲིད་གཙོ་བོ”དང་འགོ་ཁྲིད་ཚན་ཁག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར། སྒྲིག་སྲོལ་བཅའ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་དབང་ཆ་སྤྱོད་པ་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་དར་སྲོལ་ནན་དུ་གཏོང་བ་དང་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་ནན་པོ་བསྲུངས་ནས་འདེམས་ཤོག་བསླུ་ཉོ་དང་ལྐོག་རྔན་སྤྲད་ནས་འདེམས་པ། ངོ་ཆེན་ཞུ་བ་དང་བརྡ་གཏོང་བ། འདེམས་བསྐོ་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་ཞིབ་བཤེར་ཐག་གཅོད་བྱེད་དགོས།
     གཉིས། རུལ་སུངས་ལ་ངོ་རྒོལ་དང་ཆད་གཅོད་ཀྱི་སྟོབས་ཤུགས་ཆེན་པོ་རྒྱུན་དུ་གནས་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་གསར་པ་དང་འགྲན་སློང་གསར་པར་རང་འགུལ་ངང་ཁ་གཏད་གཅོག་པ་དང་། “ཡོད་པ་བདུན”གྱི་གནད་དོན་ལ་འགོག་ཟོན་དང་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ། ཏང་ནང་ཁུལ་དུ་ཆབ་སྲིད་ཀྱི་ཚོགས་པ་དང་། ཤོག་ཁག་ཆུང་ངུ། ཁེ་ཕན་ཚོགས་པ་བཅས་གཉེར་མཁན་ལ་སྙིང་རྗེ་སྤུ་ཙམ་ཡང་མི་བྱེད་པ་དང་། ན་གཞོན་ལས་བྱེད་པར་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ནན་པོ་བྱེད་དགོས། མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་གཏོང་བ་དང་ལས་སྟེགས་སྒེར་སྡེམ་བྱེད་པ་སོགས་རྒྱབ་ཀྱི་རུལ་སུངས་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་དབང་ཆ་དང་མ་རྩའི་འབྲེལ་བའི་སྒྲོག་ཐག་མེད་པར་བཟོ་དགོས། ནོར་དཔལ་སྒྲིག་ལམ་ནན་དུ་བཏང་ནས་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་སེལ་རྒྱུར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་སོགས་ཐད་ཀྱི་རུལ་སུངས་གནད་དོན་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་རུལ་རྒོལ་ལས་དོན་ཟབ་ཏུ་གཏོང་བ། འབྲུ་རིགས་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་ཆེད་དོན་བཅོས་སྒྲིག་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ལྐོག་རྔན་སྤྲོད་མཁན་གྱི“མིང་ཐོ་ནག་པོའི”ལམ་ལུགས་འཚོལ་ཞིབ་དང་ལག་བསྟར་བྱེད་དགོས། “གནམ་རྒྱའི་བྱ་སྤྱོད”ལ་སྐུལ་འདེད་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། “རྣམ་པ་བཞི”བཀོལ་སྤྱོད་བྱེད་པའི་ལམ་སྲོལ་ཟབ་ཏུ་གཏོང་བ་དང་། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། སྤྱོད་གཙང་རིག་གནས་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
     གསུམ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་རགས་ཆེན་མུ་མཐུད་བརྟན་དུ་བཏང་ནས་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་ཚུལ་མིན་གྱི་སྤྱོད་ཚུལ་རྒྱུན་སྲིང་ལྷོད་མེད་ངང་བཅོས་སྒྲིག་བྱེད་དགོས། “སྤྱོད་ཚུལ་བཞིའི”འབྱུང་རྩའི་རང་བཞིན་དང་། ཕྱོགས་ལྷུང་རང་བཞིན། མངོན་མིན་རང་བཞིན་བཅས་ཀྱི་གནད་དོན་ལ་དོ་ཁུར་དམ་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་ཤུགས་རྐྱེན་ངན་པ་བཟོ་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་གནད་དོན་སྣང་མེད་དུ་གཏོང་བ། གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བ་བཅས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་གཟུགས་བརྙན་ལ་གནོད་འཚེ་གཏོང་བ་དང་། མང་ཚོགས་ཀྱིས་ཚུར་སྣང་ལན་ཆ་ཆེ་བའི་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་བཅོས་སྒྲིག་གཏིང་ཟབ་བྱེད་པ། ཆོས་ཉིད་ལ་བརྩི་འཇོག་མི་བྱེད་པ་དང་། ཕྱི་རོལ་ཡུལ་གྱི་དོན་དངོས་དང་མང་ཚོགས་ཀྱི་དགོས་མཁོར་བརྩི་འཇོག་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བའི་གནད་དོན། དེ་བཞིན་རང་འགན་གཞན་དཀྲི་དང་། རང་འགན་སྣང་མེད་དུ་གཏོང་བ། བརྩོན་སེམས་མེད་པ་བཅས་ཀྱི་དགོས་པའི་ལས་མི་བྱེད་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས། གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས“རྒྱབ་རྩ་གཏོར་བའི”རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་དགོས།
     བཞི། སྐོར་གཟིགས་སྐོར་ཞིབ་ཀྱི་གོང་འོག་མཉམ་འགུལ་གྱི་རྣམ་པ་འཐུས་སྒོ་ཚང་དུ་བཏང་ནས་སྤུས་ཚད་མཐོ་པོ་དང་ཁྱོན་ཡོངས་ལ་ཁྱབ་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱེད་དགོས། “སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་ལ་དམིགས་པ་དང་ཏང་གི་འགོ་ཁྲིད་ཀྱི་འགན་ནུས་སྒྲུབ་པའི་ལས་འགན་ལ་དམ་པོར་དམིགས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། སྐབས་བརྗེའི་སྒྲིག་ཁྲིམས་ལག་བསྟར་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱེད་དགོས། སྐོར་གཟིགས་སྒྲིག་འཛུགས་བྱེད་སྟངས་གསར་གཏོད་བྱས་ནས་ཀྲུང་དབྱང་དང་། ཞིང་ཆེན། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཀྱི་སྐོར་གཟིགས་དང་། གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས། ཏང་ཨུད(ཏང་ཙུའི)དག་ཐེར་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་རྒྱུན་གཏན་གྱི་ལྟ་སྐུལ་དང་ཆེད་དོན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་དངུལ་རྩའི་སྡེ་ཚན་ལ་སྐོར་གཟིགས་དག་ཐེར་གྱི“མཇུག་འཕྲོའི་ལས་དོན”ལེགས་པོ་སྒྲུབ་པར་ལྟ་སྐུལ་བྱེད་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྐོར་གཟིགས་ལས་དོན་གྱི་འགོ་ཁྲིད་དང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་དབྱང་ལས་ཁུངས་ནང་ཁུལ་གྱི་སྐོར་གཟིགས་རིགས་དབྱེའི་ཁྲིད་སྟོན་གཏིང་ཟབ་ཏུ་བཏང་ནས་གྲོང་ཚོའི(སྡེ་ཁུལ)སྐོར་ཞིབ་ཀྱི་ཕན་འབྲས་དངོས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྐབས་བཅུ་དགུ་པའི་སྐོར་གཟིགས་སྐོར་ཞིབ་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ་ཏང་ཀྲུང་དབྱང་ལ་ཆེད་དོན་སྙན་ཞུ་འབུལ་དགོས།
     ལྔ། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་མ་ལག་གཅིག་སྡུད་དང་མཐུན་སྦྱོར་ནུས་ཆེར་སྐུལ་འདེད་བཏང་ནས་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་ལ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཏང་གི་གཅིག་གྱུར་འགོ་ཁྲིད་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ནུས་ཆེ་བཅས་ཀྱི་བླང་བྱ་གཞིར་བཟུང་། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ལྟ་སྐུལ་ལ་ཆེད་འགན་ཁུར་བ་དང་ལྟ་སྐུལ་སྣ་ཚོགས་རྒྱུན་མཐུད་ཐུབ་པར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་གོང་རིམ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་འོག་རིམ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་དང་། མངགས་གཏོང་ལས་ཁུངས་ཀྱིས་མངགས་གཏོང་བཅའ་སྡོད་སྒྲིག་གཞིར་འགོ་ཁྲིད་བྱེད་རྒྱུར་སྔར་བས་ཤུགས་སྣོན་དང་། སྡེ་ཚན་དུ་བཅའ་སྡོད་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་འགན་འཁྲི་སྒྲུབ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་སློབ་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བཅས་བརྒྱབ་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས།
     དྲུག ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འཇོན་ཐང་ཆེ་བའི་བླང་བྱ་དོན་འཁྱོལ་བྱས་ནས་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་ཧུར་ཐག་བྱེད་དགོས། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ངང་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱས་ཏེ་ཁོངས་མི་ཡོངས་རིམ་པ་དབྱེ་བ་དང་རིགས་བགོས་ནས་གསོ་སྦྱོང་བྱེད་དགོས། ལྟ་སྐུལ་དང་། སྒྲིག་བསྟར། ཁྲིམས་འཛིན་བཅས་ཀྱི་དབང་ཆ་བཀོལ་སྤྱོད་བྱེད་པའི་ནང་ཁུལ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སྒྲིག་བསྟར་ཁྲིམས་འགལ་དང་། ཁྲིམས་བསྟར་ཁྲིམས་འགལ། འགན་འཛོལ་ཤོར་བ་བཅས་ཀྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ། “སྒྲོན་འོག་མུན་པའི”གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ཏེ་རང་རྟོགས་ངང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་བྱེད་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དང་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པ། ཡིད་ཆེས་བརྟན་དུ་གཏོང་བ། ཞུམ་མེད་མདུན་སྐྱོད་བྱེད་པ་བཅས་ཀྱི་ཁར། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་གཏིང་ཟབ་ཕྱོགས་སུ་སྤེལ་བར་སྐུལ་འདེད་དང་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་བུའི་ཐོག་བསྐྱོད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

  
style="display:none;"