མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རིགས་གཅིག་མཁས་ཅན་དང་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གནང་བ། ཧན་ཀྲེང་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་23ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཁེ་ལས་ལས་རིགས་ཀྱི་མི་སྣ་བཅས་ཀྱིས《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཞུགས་པ་རེད།
     ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཡུས་པིན་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལིན་ཙེ་ཡན། རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པའི་ཝང་ཞང་ཤིས། ཨ་ཅག་སླེབས་བྱུང་ཀུང་སིའི་ཀྲོའུ་ཡོན་ཧུང་། BOSSཐད་ཀར་གདན་ཞུ་ཀུང་སིའི་ཀྲའོ་ཕུང་སོགས་ཀྱིས་གཏམ་བཤད་སྤེལ་བ་དང་འབྲེལ་གཞི་ཆེའི་སྙོམས་སྒྲིག་སྟངས་འཛིན་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། གློག་ཤུགས་རྡོ་སོལ་མཁོ་སྤྲོད་བརྟན་པོ་འགན་ལེན། ཁྱིམ་ལས་ཞབས་འདེགས་འཕེལ་རྒྱས། ལས་ཞུགས་ལ་སྐུལ་འདེད་སོགས་ཀྱི་ཐད་ལ་གྲོས་འགོ་བཏོན་པ་རེད། ལི་ཁེ་ཆང་གིས་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་ནས་བཏོན་པའི་གྲོས་འགོ་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
     ལི་ཁེ་ཆང་གིས་གསུངས་དོན། ན་ནིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1269ལས་ཞུགས་གསར་པ་ཐུབ་པ། ཟོག་གོང་འཕར་ཚད་ཅུང་དམའ་བ་བཅས་ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་སྒྲུབ་ཅུང་ཡག་པོ་བྱུང་བས། གྲུབ་འབྲས་འདི་དག་ཐོབ་པ་ལས་སླ་པོ་མིན། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཁོར་ཡུག་སྣེ་མང་རྙོག་འཛིང་ཆེ་བ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་ལ་འཕར་ཚད་ཆག་པའི་གནོན་ཤུགས་གསར་པ་ཕྲད་པ་དང་ལ་བརྒལ་ཉག་སྒྲོལ་གྱི་འགག་སྒོ་གལ་ཆེན་དུ་སླེབས་ཡོད་པས། ཡིད་ཆེས་བརྟན་པོ་བྱེད་དགོས་ལ་དཀའ་ངལ་ལའང་ལྟ་སྟངས་ཡང་དག་བཟུང་ནས་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པ་དང་གཞི་ཆེའི་དཔལ་འབྱོར་གྱི་སྡེར་ཆེན་བརྟན་པོ་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྟན་པོ་ཡོང་བ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས། གཞི་ཆེའི་སྲིད་ཇུས་མུ་མཐུད་གསར་གཏོད་དང་ལག་བསྟར་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ། ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་གཏོང་བ། ཁྲོམ་རའི་གསོན་ཤུགས་ཤུགས་ཆེན་འཕེལ་བ། ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་ཆེར་གཏོང་བ། ཉེན་ཁ་ནུས་ལྡན་ངང་འགོག་ཟོན་དང་སེལ་བ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་པ་བཅས་བྱས་ནས། དཔལ་འབྱོར་བརྟན་ཁྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།
     ལི་ཁེ་ཆང་གིས་བསྟན་དོན། གཞི་ཆེའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་དང་དམིགས་སའི་རང་བཞིན་ཆེ་རུ་བཏང་ནས། སྲིད་ཇུས་ལག་བསྟར་བྱེད་ཤུགས་ལུགས་མཐུན་ངང་ཆེ་རུ་གཏོང་བ་དང་བར་མཚམས་སྙོམས་སྒྲིག་དང་ཁ་ཕྱོགས་གཏན་འཁེལ་གྱི་སྙོམས་སྒྲིག་ལ་སྣང་ཆེན་བྱེད་དགོས། སྡེབ་སྒྲིག་རྣམ་པའི་གཞི་ཁྱོན་ཅན་གྱི་ཁྲལ་རིན་གཉིས་གཅོག་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ཏེ་ཁྲོམ་རའི་བྱེད་པོ་དེ་བས་མང་བར་ཕན་པ་དངོས་ལོངས་སྤྱོད་ཐུབ་པར་བྱེད་དགོས། ནོར་ཤུགས་གཞི་རིམ་དུ་ཁྱབ་པར་བྱས་ནས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ཡོང་བར་འགན་ལེན་སྔར་བས་ཡག་པོ་བྱེད་པ་དང་། གཞི་རིམ་གྱི་གཞི་རྩའི་དམངས་འཚོ་འགན་ལེན་དང་། གླ་ཕོགས་འགན་ལེན། འཁོར་རྒྱུག་འགན་ལེན་བཅས་བྱེད་པར་འདེགས་སྐྱོར་བྱེད་དགོས། “ཞིང་ཆུ་ལེབ་གཏོང”མི་བྱེད་པ་དང་རགས་གཉེར་མི་བྱེད་པ་མཐའ་འཁྱོངས་ཀྱིས་འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་རྩ་མཉམ་འདྲེས་ཉུང་དུ་བཏང་ནས་ཀུན་ཕན་གྱི་གྲངས་ཉུང་དངུལ་བུན་དང་ཞིང་སྐྱོར་ཆུང་སྐྱོར་གྱི་དངུལ་བུན་བསྐྱར་མ་སོགས་ཀྱི་སྲིད་ཇུས་ཡག་པོ་སྤྱད་དེ་དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
     ལི་ཁེ་ཆང་གིས་གསུངས་དོན། སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་བཏང་སྟེ། ཁྲོམ་རའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་འཕེལ་བར་བྱེད་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་ཐེབས་པ”གཉིས་མཐའ་འཁྱོངས་བྱས་ཏེ་རིགས་ཁག་གི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐོན་ཁུངས་བཀོད་སྒྲིག་བྱེད་རིང་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་གང་ལེགས་འདོན་པ་དང་། སྲིད་གཞུང་གི་ནུས་པ་སྔར་བས་ལེགས་པ་འདོན་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་སྐྲུན་པ། ཁྲོམ་རའི་ལྟ་འདོམས་འཐུས་ཚང་དང་ཤུགས་ཆེར་གཏོང་བ། སྒེར་སྡེམ་དང་མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་གཏོང་བར་ངོ་རྒོལ། དྲང་གཞག་འགྲན་རྩོད་ལ་སྲུང་སྐྱོང་བཅས་བྱེད་དགོས།

  
style="display:none;"