མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཚན་སློབ་རིག་འཕྲོད་ལུས་རྩལ་བཅས་ལས་རིགས་ཀྱི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་
འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ལས་རིགས་ཀྱི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མིས《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་གྱི་མ་ཟིན)》ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
   ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཞུགས་ཡོད་པ་རེད།
    ཚོགས་འདུའི་ཐོག་འཐུས་མི་7གྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བསམ་ཚུལ་དང་གྲོས་འགོ་བཏོན་པ་དང་། ལི་ཁེ་ཆང་གིས་ཁོང་ཚོ་དང་སྤེལ་རེས་གཏིང་ཟབ་གནང་བ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་ལ་ཚང་མས་བཏོན་པའི་གྲོས་འགོར་ཞིབ་འཇུག་ནན་ཏན་བྱེད་པ་དང་གཅིག་ཤེས་ཀུན་གྲོལ་ཐུབ་པ་བྱས་ནས་སྲིད་གཞུང་གི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
    ལི་ཁེ་ཆང་གིས། ན་ནིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། དཔལ་འབྱོར་སླར་གསོ་གོང་འཕེལ་རྒྱུན་འཁྱོངས་བྱུང་བ་དང་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། འདི་ལོ་རང་རྒྱལ་གྱི་འཕེལ་རྒྱས་ལ་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། གཞི་རིམ་དང་མི་དམངས་མང་ཚོགས་ཀྱི་རེ་འབོད་རྒྱ་ཁྱབ་ཉན་པ། ལས་རིགས་ཁག་གི་དོ་ཁུར་ལ་ལན་སློག་པ། དངོས་ཡོད་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་གཏོང་བ། གཞི་རྩའི་དམངས་འཚོ་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
   པེ་ཅིང་ཡན་ཆིང་ཆུས་པ་ལི་ཀྲོང་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཝང་ཞའོ་ཕིང་གི་གཏམ་བཤད་གསན་རྗེས། ལི་ཁེ་ཆང་གིས། སློབ་གསོ་ནི་ཁྱིམ་ཚང་ཀུན་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པས། འོས་འགན་སློབ་གསོར་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་དང་ཐོབ་ཐང་འགན་ལེན་ཡག་པོ་བྱེད་པ་དང་། གྲོང་གསེབ་དང་། རི་ཁུལ། ཐག་རིང་ལུང་ཁུག་བཅས་ཀྱི་སློབ་གསོའི་ཆ་རྐྱེན་ལེགས་སུ་ཧུར་ཐག་གཏོང་བ། ཕྲུ་གུ་ཚང་མར་དེ་བས་ཡག་པའི་སློབ་གསོ་མྱོང་ཐུབ་པ་བཅས་བྱས་ནས་སློབ་གསོ་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། པེ་ཅིང་སློབ་ཆེན་གྱི་དགེ་རྒན་ལིའུ་ཀྲུང་ཧྥན་གྱིས་ཁེ་ལས་ཆེ་འབྲིང་ཆུང་གསུམ་ཟུང་འབྲེལ་དམ་ཟབ་ཀྱི་ཆུ་ཚད་མཐོ་བའི་ཚན་རྩལ་ཐོན་ལས་སྐྱེ་ཁམས་སྐྱེད་སྲིང་བྱེད་པའི་སྐོར་ལ་གྲོས་འགོ་བཏོན་པ་དང་། ལི་ཁེ་ཆང་གིས། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བར་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས། ཉེར་སྤྱོད་ཞིབ་འཇུག་དང་གྲུབ་འབྲས་གཞན་སྒྱུར་ལ་རྒྱབ་སྐྱོར་བྱས་ནས་ཚན་ཞིབ་ཁང་དང་སུའོ་དང་། མཐོ་སློབ། ཁེ་ལས་ཆེ་གྲས་བཅས་ལ་སྲིད་ཇུས་ཕྱོགས་དགོས་པ་མ་ཟད། ད་དུང་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཚན་རྩལ་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚན་ཞིབ་མི་སྣར་གསར་གཏོད་དེ་བས་ཡག་པ་བྱེད་རྒྱུར་སྐུལ་ལྕག་བྱས་ནས་གྲུབ་འབྲས་གཞན་སྒྱུར་དེ་བས་བདེ་བླག་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
   ཧྥུའུ་ཝའེ་སྨན་ཁང་གི་སྨན་པ་ཧུའུ་ཧྲེང་ཧྲོའུ་ཡིས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུར་ཤུགས་སྣོན་རྒྱག་པའི་སྐོར་ལ་གྲོས་འགོ་བཏོན་པ་དང་། ལི་ཁེ་ཆང་གིས། སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་ཆུ་ཚད་མཐོ་བའི་སྨན་ཁང་གིས་བཅོས་དཀའ་བའི་ནད་གཞི་ལྕི་པོ་བཅོས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་འབྲེལ་གཞི་རིམ་ལ་ཤུགས་སྣོན་རྒྱག་རྒྱུ་མུ་མཐུད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གྲོང་ཁྱེར་དང་རྫོང་ལ་སྣུར་སྲིང་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་སྨན་དོན་མི་སྣ་དང་ལྷག་པར་དུ་གྲོང་གསེབ་ཀྱི་སྨན་པ་ཁྲི་100ལྷག་ཙམ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་ཐོན་དང་ཚགས་ཚུད་ཀྱི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་དང་ལག་རྩལ་གཞི་རིམ་སྨན་ཁང་ལ་ཁྱབ་གདལ་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་ཐག་ཉེ་སར་དེ་བས་ལེགས་པའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
   གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་མི་སྣ་ཝང་ཞུས་ཏུང་དང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་རིག་རྩལ་ཚོགས་པའི་འཁྲབ་སྟོན་པ་ས་རི་ནཱ་གཉིས་ཀྱིས་རིག་གནས་འགྲེམས་སྟོན་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་འཛུགས་སྐྱོང་དང་རིག་གནས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་ལ་ལྟ་ཚུལ་གླེང་བ་དང་། ལི་ཁེ་ཆང་གིས། རྟེན་རྫས་བཤམས་མཛོད་ཁང་གི་བྱ་གཞག་གིས་རིག་གནས་དང་སློབ་གསོ་ཐེག་འཁུར་བྱས་ཡོད་པས། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད་ཤེས་ལྡན་མི་སྣའི་ཡིད་དབང་འགུག་པ་དང་ཉར་ཐུབ་པ་བྱས་ཏེ་ཁོང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་ཐུབ་པ་བྱེད་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་སྒྲིག་བཀོད་ཁྱབ་ཚུལ་ལེགས་སུ་གཏོང་བ་དང་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས་རིག་གནས་དམངས་ཕན་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་དགོས་ཞེས་གསུངས་པ་རེད། རྒྱལ་ཁབ་ལྗིད་འདེགས་རུ་ཁག་གི་ལུས་རྩལ་པ་ཧྲི་ཀྲི་ཡུང་གིས་ལུས་རྩལ་དང་ལུས་སྦྱོང་སྐོར་ལ་མྱོང་ཚོར་གླེང་བ་དང་། ལི་ཁེ་ཆང་གིས། ལུས་རྩལ་གོང་འཕེལ་གཏོང་རྒྱུ་དང་སྤྱི་དམངས་ཀྱི་བདེ་ཐང་ཟུང་འབྲེལ་བྱས་ནས་དེ་བས་མགྱོགས་པ་དང་། དེ་བས་མཐོ་བ། དེ་བས་སྟོབས་ཆེ་བ། དེ་བས་མཐུན་སྒྲིལ་ལྡན་པ་བཅས་ཡོང་བ་བྱེད་དགོས་པ་དང་འབྲེལ། མང་ཚོགས་ཉེ་འགྲམ་གྱི་ལུས་སྦྱོང་སྒྲིག་བཀོད་སྐྲུན་པ་དང་ལུས་རྩལ་ཤེས་བྱ་ཁྱབ་གདལ་བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

  
style="display:none;"