མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལས་དོན་གྱི་ལོ་རྒྱུས་མདོར་བསྡུས》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ་བའི་མཚམས་སུ་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་སྒྲིག་འཛུགས་དང་རྩོམ་འབྲི་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལས་དོན་གྱི་ལོ་རྒྱུས་མདོར་བསྡུས》ཞེས་པའི་དེབ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་དེ་ཉིན་ནས་བཟུང་རྒྱལ་ཡོངས་སུ་བཀྲམ་པ་རེད།
   རྩོམ་ཡིག་མ་ཟིན་རྩོམ་འབྲི་བྱེད་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ཐུགས་ཁུར་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་འཆར་ཟིན་འགོད་པ་དང་བཟོ་བཅོས་ལས་དོན་ཐད་བླང་བྱ་ཁ་གསལ་ཐེངས་མང་བཏོན་གནང་ཡོད། ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་དབྱང་ཡིག་ཚགས་ཁང(རྒྱལ་ཁབ་ཡིག་ཚགས་ཅུས)སོགས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་ཚན་པས་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་ཡོད་པ་རེད།
   དེབ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། གཞུང་འཁྱོངས་གསར་འབྱེད་བཅས་མཐའ་འཁྱོངས་བྱས་ཐོག་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་དར་ཆ་བསྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་མངོན་གསལ་དོད་པོ་ཡོང་བར་བྱས་པ་དང་། ལོ་བརྒྱའི་རིང་ཏང་གི་དྲིལ་བསྒྲགས་ལས་དོན་གྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པའི་རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་དང་གྲུབ་འབྲས་གལ་ཆེན་ཇི་མ་ཇི་བཞིན་བཀོད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དྲིལ་བསྒྲགས་ལས་དོན་ལ་འགོ་ཁྲིད་གནང་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཐོན་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གང་ལེགས་མཚོན་པ།
   ཏང་གི་དྲིལ་བསྒྲགས་ལོ་རྒྱུས་ཐོག་གི་བསམ་བློ་གལ་ཆེན་དང་། བྱེད་ཕྱོགས་གལ་ཆེན། གནད་དོན་གལ་ཆེན། བྱེད་སྒོ་གལ་ཆེན་བཅས་ཐོ་འགོད་ཞིབ་ཕྲ་བྱས་པ། ཏང་གི་དྲིལ་བསྒྲགས་ལས་དོན་གྱི་ཕུལ་བྱུང་སྲོལ་རྒྱུན་དང་རྩ་ཆེའི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པ་བཅས་ལས་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང་རང་རེའི་ཏང་གི་དམིགས་བསལ་གྱི་བསམ་བློ་ཆབ་སྲིད་ཀྱི་ལེགས་ཆ་གཅིག་སྡུད་ཐོག་མཚོན་པ་དེ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བའི་ཀློག་དེབ་གལ་ཆེན་ཞིག་དང་ཏང་གི་དྲིལ་བསྒྲགས་ལོ་རྒྱུས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་གཞི་རྩའི་སློབ་གཞི་ཞིག་རེད།
    དེབ་དེ་སྟོད་ཆ་དང་སྨད་ཆ་གཉིས་ལ་དབྱེ་བ་དང་བསྡོམས་ས་བཅད་11དང་ལེའུ་83དང་ཡིག་འབྲུ་ཁྲི་49ཙམ་ཡོད། ལོ་རྒྱུས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་ཚིག་ཉུང་དོན་གསལ་དང་གསོན་ཉམས་དོད་པ་ཞིག་ཡོད་པ་དེས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་དང་། ལྷག་པར་དུ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་ལོ་རྒྱུས་ཕྱོགས་སྡོམ་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་ལ་སྐུལ་འདེད་བཏང་སྟེ་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་གྱིས་ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་། མར་ཁེ་སི་རིང་ལུགས་འགྲིག་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་བཅས་ལ་གོ་བ་གཏིང་ཟབ་ལེན་པ། ཏང་གི་དྲིལ་བསྒྲགས་ལས་དོན་གྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་མདུན་སྐྱོད་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་བསམ་བློའི་འགན་ལེན་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེ་བའི་དོན་སྙིང་ལྡན་ཡོད་པ་རེད།

  
style="display:none;"