མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ཕན་ཚུན་དཔྱིད་
གསར་གྱི་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་27ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་25ཉིན་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ཕན་ཚུན་དཔྱིད་གསར་གྱི་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
   ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་འདས་མ་ཐག་པའི་2021ལོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱིས་རང་ངོས་འཕེལ་རྒྱས་གཏོང་རིང་གི་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་པ། ཀྲུང་གོ་མི་དམངས་ཀྱིས་མགོ་བོ་བཏེགས་ཤིང་གོམ་སྟབས་ཆེ་བའི་ངང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཐོག་སྐྱོད་བཞིན་ཡོད། ཝེ་ཐེ་ནམ་གུང་ཁྲན་ཏང་གིས་ཚོགས་ཆེན་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོགས་ནས་ཝེ་ཐེ་ནམ་མི་དམངས་ཀྱི་སྣེ་ཁྲིད་དེ་ཚོགས་ཆེན་བཅུ་གསུམ་པའི་གྲོས་ཆོད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་ནི་རི་ཆུ་སྦྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། མིག་སྔར་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་འདྲེས་ངང་ཐོན་ནས་འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་གྱི་དུས་མཚམས་སུ་སླེབས་པ་དང་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་སྔར་བས་རྒྱ་ཆེར་ཕྱིན་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཏང་གཉིས་ཀྱིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་སྒྱུར་བཅོས་སྒོ་དབྱེ་དང་གསར་བསྒྱུར་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་སྐྱེ་སྟོབས་དང་གསོན་ཤུགས་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"