མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབར་ཕྱི་འབྲེལ་བཙུགས་ནས་
ལོ་ངོ་30འཁོར་བའི་བརྙན་ལམ་དབུ་ཚོགས་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་27ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་1ཚེས་25ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བའི་བརྙན་ལམ་དབུ་ཚོགས་གཙོ་སྐྱོང་གནང་བ་དང་། 《ལག་གདང་སྦྲེལ་ནས་བདེ་སྡུག་མཉམ་མྱོང་བྱེད། འབྱུང་འགྱུར་ཕྱོགས་སུ་ཞུམ་མེད་མདུན་དུ་སྐྱོད》ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

ཟླ་1ཚེས་25ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བའི་བརྙན་ལམ་དབུ་ཚོགས་གཙོ་སྐྱོང་གནང་བ་དང་། 《ལག་གདང་སྦྲེལ་ནས་བདེ་སྡུག་མཉམ་མྱོང་བྱེད། འབྱུང་འགྱུར་ཕྱོགས་སུ་ཞུམ་མེད་མདུན་དུ་སྐྱོད》ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

    ལག་གདང་སྦྲེལ་ནས་དེ་བས་ཟབ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་པའི་ནན་བཤད་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བའི་བརྙན་ལམ་དབུ་ཚོགས་གཙོ་སྐྱོང་གནང་བ་རེད། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁཱ་ཡེ་ཕུའུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཕུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧཱ་མེ་ཏུའོ་ཕུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་བཅས་དབུ་ཚོགས་ལ་ཞུགས་པ་རེད།
    ཞི་ཅིན་ཕིང་དང་རྒྱལ་ཁབ་ལྔ་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་ཁྲོད་ཀྱི་ལོ་རྒྱུས་རང་བཞིན་གྱི་སྐད་ཅིག་ཉིད་ཅེས་པའི་བརྙན་ལམ་ལ་གཟིགས་ཤིང་། སྤྲོ་སེམས་འཁོལ་བ་དང་། གཟབ་ཅིང་རྒྱས་པ། མཛའ་བརྩེ་བཅས་ཀྱི་རྣམ་པའི་ཁྲོད་ཐུན་མོང་ཐོག་ཉམས་མྱོང་ཕྱོགས་སྡོམ་དང་འབྱུང་འགྱུར་ལ་རྒྱང་ལྟ་གནང་བ་རེད། ཞི་ཅིན་ཕིང་གིས《ལག་གདང་སྦྲེལ་ནས་བདེ་སྡུག་མཉམ་མྱོང་བྱེད། འབྱུང་འགྱུར་ཕྱོགས་སུ་ཞུམ་མེད་མདུན་དུ་སྐྱོད》ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
    ཞི་ཅིན་ཕིང་གིས་ལོ་30ཡི་གོང་ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་སྔོན་ལ་ཕྱི་འབྲེལ་བཙུགས་ནས་ཕྱོགས་གཉིས་པོའི་དབར་གྱི་འགྲོ་འོང་དང་མཉམ་ལས་ཀྱི་སྒོ་མོ་ཕྱེ་ཡོད། ལོ་30ཡི་རིང་ཕྱོགས་གཉིས་པོས་འཕེལ་ཕྱོགས་དང་བསྟུན་ནས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་འཆམ་མཐུན་ཡོང་ཐབས་བྱས་ཤིང། ཕན་ཚུན་བསམ་ཤེས་བྱེད་པའི་རྨང་གཞིའི་ཐོག ལོ་རྒྱུས་ཐོག་ཐག་མ་ཆོད་པར་ལུས་པའི་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་མཐར་ཕྱིན་པ་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་དང་མཉམ་ལས་གཉིས་ཁེའི་ལམ་བུ་གསར་པ་ཞིག་བཏོད་པ་དེ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པ་དང་ཐུན་མོང་ཐོག་འཕེལ་རྒྱས་བཏང་སྟེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མེ་ཏོག་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དུ་བཞད་ནས་འབྲས་བུ་བཏགས་ཡོད། ཕྱོགས་གཉིས་པོས་སྐྱིད་སྡུག་མཉམ་མྱོང་དང་བདེ་སྡུག་མཉམ་འཁུར་བྱས་ནས་ཐུན་མོང་གི་བདེ་འཇགས་ཁེ་ཕན་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་མཛའ་མཐུན། ཕན་ཚུན་མཉམ་འདྲེས། ཕན་ཚུན་འབྲེལ་མཐུད་བཅས་བྱས་ནས་ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མི་དམངས་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་གཏད་བྱས་པའི་མི་སེམས་འགུལ་བའི་མཉམ་དཀྲོལ་རོལ་དབྱངས་ཤིག་བརྩམས་ཡོད། ཕྱོགས་གཉིས་པོས་དཀའ་སྤྱད་འབད་བརྩོན་དང་དྲང་བདེན་བརྟན་སྲུང་བྱས་ཏེ། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཕྱོགས་གཉིས་པོའི་ལུགས་མཐུན་ཁེ་དབང་དང་འཐབ་ཇུས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ཡོད་ཅེས་བསྟན་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་དབར་གྱི་ལོ་30ཡི་མཉམ་ལས་ལ་གྲུབ་འབྲས་ཐོབ་དོན་ནི་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཁྱིམ་མཚེས་མཛའ་མཐུན། ཕྱར་བ་གྲུ་འདེགས། གཉིས་ཁེ་གཉིས་ཕན་བཅས་ཡོང་བ་བྱས་པས་རེད། རྩ་དོན་བཞི་པོ་དེ་ནི་མཉམ་ལས་ཁྲོད་གསོག་འཇོག་བྱས་པའི་རྩ་ཆེའི་ཉམས་མྱོང་དང་ཐུན་མོང་གི་རྒྱུ་ནོར་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་བྱེད་པའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད་ལ།
   ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འགྲོ་འོང་སྔ་འཛིན་ཕྱི་གཏོད་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཀྱང་རེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་ནའང་འདྲ། འབྱུང་འགྱུར་ཀྲུང་གོ་འཕེལ་རྒྱས་ཀྱི་ཚད་གཞི་གང་འདྲ་ཞིག་ཏུ་སླེབས་ཀྱང་ཀྲུང་གོ་ནི་སྔ་ཕྱི་བར་གསུམ་དུ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་ཡིད་རྟོན་རུང་བའི་ཁྱིམ་མཚེས་ཡག་པོ་དང་། རོགས་ཟླ་ཡག་པོ། གྲོགས་པོ་ཡག་པོ། སྤུན་ཟླ་ཡག་པོ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ། རྒྱལ་ཁབ་ཁག་གིས་མི་རིགས་དར་རྒྱས་དང་མཐུན་སྒྲིལ་རང་འབད་ལ་བརྩོན་ལེན་བྱེར་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ། རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་གར་སྟེགས་ཐོག་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས་གྲོས་འགོ་ཁག་5བཏོན་གནང་བ་སྟེ།
   དང་པོ། ཁྱིམ་མཚེས་མཛའ་མཐུན་གྱི་དཔེ་སྟོན་ས་ཞིང་ཡག་པོ་འདེབས་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་མཛའ་མཐུན་དང་། ལྷག་བསམ་རྣམ་དག ཕན་འདོགས་པ། བསྟུན་མཁས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཐོ་རིམ་འགྲོ་འོང་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། “ཀྲུང་གོ+ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི”ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་སོགས་ཀྱི་སྐད་ཆ་ཤོད་རེས་ཀྱི་མཉམ་ལས་ལམ་སྲོལ་རབ་དང་རིམ་པ་ཡག་པོ་འཛུགས་པ། མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱ་རྒྱུ་ཡིན། འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་བྱ་རྒྱུ་ཡིན།
    གཉིས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་སྒོ་མོ་ཕྱེ་ནས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་སྤུས་ལེགས་ཚོང་ཟོག་དང་ཞིང་ལས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་མུ་མཐུད་ཡག་པོ་གཉེར་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དྲ་ཐོག་ཚོང་དོན་མཉམ་ལས་ཀྱི་སྐད་ཆ་ཤོད་རེས་ལམ་སྲོལ་བཙུགས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཐོན་ལས་དང་མ་འཇོག་གི་མཉམ་ལས་གླེང་སྟེགས་དུས་བསྟུན་ངང་འཚོག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།
   གསུམ་པ། ཞི་བདེ་སྲུང་སྐྱོང་བྱེད་པའི་འགོག་སྲུང་ཕུབ་སྲ་བརྟན་དུ་གཏོང་དགོས་ཤིང་། “ངན་ཤུགས་གསུམ”ལ་མུ་མཐུད་རྡུང་རྡེག་གཏོང་བ་དང་མཐའ་མཚམས་དོ་དམ་ཚོད་འཛིན་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ས་ཁུལ་གྱི་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་ཚགས་དམ་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་དང་རིམས་འགོག་དངོས་རྫས་མུ་མཐུད་མཁོ་འདོན་བྱེད་པ་དང་། རིམས་འགོག་སྨན་ཁབ་དང་དམིགས་བསལ་ཕན་ནུས་ལྡན་པའི་སྨན་མཉམ་འབྲེལ་ཐོག་ཐོན་སྐྱེད་དང་ལག་རྩལ་ནང་བཤུག་ལ་ཤུགས་སྣོན་རྒྱག་འདོད་ཡོད། 2022ལོར་ཀྲུང་གོས་སླར་ཡང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་ཁྲི་5000རོགས་སྐྱོར་བྱ་རྒྱུ་མ་ཟད། ད་དུང་དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་སྲོལ་རྒྱུན་གསོ་རིག་ལྟེ་གནས་འཛུགས་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་བདེ་ཐང་ཐོན་ལས་ཀྱི་མནའ་འབྲེལ་འཛུགས་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན།
    བཞི་པ། སྣ་མང་མཉམ་སྒུལ་གྱི་ཁྱིམ་ཚང་ཆེན་པོ་སྐྲུན་དགོས་ཤིང་། མི་ཆོས་རིག་གནས་སྤེལ་རེས་ཀྱི་བཀོད་པ་ཆེ་མོ་བསྐྲུན་ནས་ཕན་ཚུན་གཉིས་ཀར་རིག་གནས་ལྟེ་གནས་འཛུགས་མགྱོགས་སུ་གཏོང་བ་དང་། རིག་གནས་ཤུལ་བཞག་སྐོར་གྱི་སྐད་ཆ་ཤོད་རེས་ཧུར་ཐག་བྱེད་པ། བུད་མེད་དང་། ཇུས་འདོན་ཚོགས་པ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་ལས་སྟེགས་སྐྲུན་རོགས་བྱས་ནས། རྒྱལ་ཁབ་ལྔ་ཚང་མ་ཀྲུང་གོའི་སྤྱི་དམངས་རྒྱལ་སྒྲོལ་ཡུལ་སྐོར་བྱེད་སའི་རྒྱལ་ཁབ་ཏུ་འཇུག་འདོད་ཡོད། ཀྲུང་གོས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དམངས་ཁྲོད་མཛའ་གྲོགས་གླེང་སྟེགས་གཉེར་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། འབྱུང་འགྱུར་གྱི་ལོ་5ནས་10བར་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་མཛའ་གྲོགས་གྲོང་ཁྱེར་100བར་མང་དུ་གཏོང་རྒྱུ་ཡིན།
    ལྔ་པ། ཞི་བདེ་འཕེལ་རྒྱས་ཀྱི་སའི་གོ་ལའི་གྲོང་ཚོར་སྲུང་སྐྱོང་བྱེད་དགོས་ཤིང་། མི་རིང་བའི་གོང་ངས་གོ་ལ་ཧྲིལ་པོ་འཕེལ་རྒྱས་གཏོང་རྒྱུའི་གྲོས་འགོ་བཏོན་པ་དང་ཐུན་མོང་ཐོག་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་བཅག་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བྱས་པ་ཡིན། འབྱུང་འགྱུར་གྱི་ལོ་3ནང་ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་ཨ་སྒོར་དུང་ཕྱུར་5རོགས་སྐྱོར་བྱ་རྒྱུ་ཡིན་པ་དེ། རྒྱལ་ཁབ་ཁག་གི་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱོད་རྒྱུ་དང་། ཞིབ་འཇུག་ཟབ་སྦྱོང་དང་ཞིབ་འཇུག་བགྲོ་གླེང་གི་མི་གྲངས་5000མཁོ་འདོན་བྱས་ནས་རྒྱལ་ཁབ་ཁག་ལ་འཕྲོད་བསྟེན་བདེ་ཐང་དང་། དབུལ་པོ་ཉུང་གཏོང་དང་ཞིང་ཕན། ཕན་ཚུན་འབྲེལ་མཐུད། ཆ་འཕྲིན་ལག་རྩལ་སོགས་ཀྱི་ཁྱབ་ཁོངས་ཁག་གི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རོགས་བྱས་ཏེ། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་ངས་ཁྱབ་བསྒྲགས་བྱེད་འདོད་ཡོད།

  
style="display:none;"