མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་དབྱང་ཆོས་ལུགས་ཚོགས་པའི་དཔྱིད་གསར་བསུ་བའི་བཞུགས་མོལ་ལ་ཞུགས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་28ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཝང་དབྱང་ཆོས་ལུགས་ཚོགས་པའི་དཔྱིད་གསར་བསུ་བའི་བཞུགས་མོལ་ལ་ཞུགས།

    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་པེ་ཅིང་དུ་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་དཔྱིད་གསར་བསུ་བའི་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་དང་ཐོག་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། ཁོང་གིས་ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ལྟ་བུ་ཞིག་ཡིན། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་དྲང་ནུས་གཅིག་ཏུ་འགྲིལ་དགོས།
    ཝང་དབྱང་གིས་ཆོས་ལུགས་ཚོགས་པ་ཁག་གིས་2021ལོར་བསྒྲུབས་པའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། 2022ལོའི་ལས་དོན་ལ་རེ་བ་ནན་པོ་བཏོན་གནང་བ་རེད། ཁོང་གིས་ཆོས་ལུགས་ཚོགས་པས་རང་ངོས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་སྐྱེད་སྲིང་དང་ལག་ལེན་བསྟར་བ། བརྗོད་དོན་གཙོ་བོའི་སློབ་གསོ་སོགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཚོས“ངོས་འཛིན་གཅིག་མཐུན་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ། ཕྱོགས་ཡོངས་ནས་སློབ་གསོ་ནན་སྐྱོང་བྱ་རྒྱུའི་བླང་བྱ་དོན་འཁྱོལ་བྱས་ཏེ་མཁོ་དགོས་ཆེ་སར་དམིགས་ནས་ནང་གི་བློ་སྟོབས་ལ་བརྟེན་ནས་ཆོས་ལུགས་སྐྱོན་བྲལ་རྒྱུན་འཛིན་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། ནང་ཁུལ་གྱི་དོ་དམ་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཁྲིམས་བཀུར་ཞིང་སྲུང་བ། སྡོམ་པ་འཛིན་ཞིང་སྒྲིག་ལམ་སྲུང་བ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཉིན་ལྟར་བྱས་རྗེས་འཇོག་མཁན་གྱི་སྙིང་རུས་དང་ཡུན་རིང་རྒྱུན་འཁྱོངས་བྱ་རྒྱུ་བྱས་རྗེས་ཀྱི་ངེས་ཤུགས་སུ་བརྩིས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། རང་རྒྱལ་གྱི་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་འཚམ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་དང་འཚམ་མཐུན་ཡོང་བར་བྱེད་དགོས། ཆོས་ལུགས་སློབ་གླིང་དང་སློབ་གྲྭ་ཡག་པོ་གཉེར་བར་གཞི་ཁྱོན་འོས་འཚམ་དང་། བླང་བྱ་དང་མཐུན་པ། སྐས་རིམ་ལུགས་མཐུན་བཅས་ཀྱི་གཞི་རིམ་གྱི་དགེ་རྒན་དང་ལས་བཟོ་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས་ལ། གསུང་རབ་ཀྱི་བསྟན་དོན་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁོང་དུ་ཆུད་པའི་རིམ་པ་མཐོ་བའི་ཆོས་ལུགས་ཀྱི་ཤེས་ལྡན་མི་སྣའང་གསོ་སྐྱོང་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ནས། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་བྱེད་སྒོ་ལུགས་མཐུན་ངང་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། སྐོར་སྐྱོད་དང་གཅིག་སྡུད་འོས་འཚམ་སྒོས་ཇེ་ཉུང་ལ་བཏང་ནས་བརྟན་ལྷིང་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་དགོས་པ་ནན་བཤད་གནང་། 
   ཝང་དབྱང་གིས་ཏང་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཆོས་ལུགས་ལས་དོན་ལ་མཐོང་ཆེན་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་མཐོང་ཆེན། ཆོས་ལུགས་ཚོགས་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བཅས་བྱེད་ཀྱི་ཡོད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་བསམ་འཆར་དང་གྲོས་འགོ་ཉན་རྒྱུར་དོ་སྣང་བྱས་ནས། ཆོས་ལུགས་ཚོགས་པས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་དང་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་ཡོད་པ་བསྟན། 
   ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་ལྷན་ཚོགས། ཀྲུང་གོ་ཡེ་ཤུ་ཆོས་ལུགས་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ལྷན་བཅས་ཀྱི་འགན་འཁུར་བ་གཙོ་བོས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།

  
style="display:none;"