མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་
གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་10ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།
   ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས་པ།
   ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ།
    ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ གི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་8ཉིན་གྱི་སྔ་དྲོ། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་གསན་པ་དང་གྲོས་ཞིབ་གནང་བ་རེད།
    ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས་པ་རེད།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ་རེད། ལི་ཀྲན་ཧྲུའུ་ཡིས་སྙན་སྒྲོན་ནང་། 2021ལོར་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལོ་རྒྱུས་ཐོག་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཀྲུང་དབྱང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་ནས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།
    ལི་ཀྲན་ཧྲུའུ་ཡིས་སྙན་སྒྲོན་ནང་། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་རྗེས་སུ་དམ་པོར་འབྲངས་པ་དང་། བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་དམ་པོར་དམིགས་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དགོས་མཁོར་དམ་པོར་དམིགས་པ་བཅས་བྱས་ཏེ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་གཙང་མ་སྒྲུབ་ནས། གཤམ་གསལ་གྱི་ལས་དོན་གཙོ་བོ་བསྒྲུབས་པ་སྟེ། གཅིག་ནས་རྩ་ཁྲིམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་རྩ་ཁྲིམས་ཀྱི་ཆེས་མཐོའི་བཅའ་ཁྲིམས་ཀྱི་གནས་བབ་དང་། དབང་གྲགས། ཕན་ནུས་བཅས་སྲུང་སྐྱོང་བྱས་ཤིང་། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་ཡིག་ཆ་དང་པོ་དང་ཟུར་བཀོད་ཡིག་ཆ་གཉིས་པ་བཟོ་བཅོས་བརྒྱབ་ནས་ཤང་ཀང་གི་བཅའ་ཁྲིམས་གནས་བབ་དང་གནས་ཚུལ་དངོས་དང་མཐུན་པའི་དམངས་གཙོའི་འདེམས་བསྐོའི་ལམ་ལུགས་ཆ་ཚང་ཞིག་གྲུབ་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཡོ་བསྲང་བྱས་ནས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་བྱས་པ་དང་། གཉིས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་ནས་ཁྲིམས་འཛུགས་དང་བཅའ་ཁྲིམས་བཟོ་བའི་གོམ་སྟབས་མགྱོགས་སུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་བཅའ་ཁྲིམས་ཀྱི་འགན་ལེན་བྱས་ཤིང་། ལོ་གཅིག་རིང་བཅའ་ཁྲིམས་ཁག་17གཏན་ལ་ཕབ་པ་དང་། བཅའ་ཁྲིམས་ཁག་22བཟོ་བཅོས་བརྒྱབ་པ། བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་ཚབས་ཆེན་དང་འབྲེལ་བ་ཡོད་པའི་གཏན་འབེབས་ཁག་10བཟོས་པ་བཅས་བྱས་པ། གསུམ་ནས་ལྟ་སྐུལ་བྱེད་ཤུགས་དང་ཕན་འབྲས་ཆེ་རུ་བཏང་སྟེ། “གཞུང་གཅིག་ཨུད་གཅིག་ཁང་གཉིས”ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ལྟ་སྐུལ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ལ་འགན་ལེན་བྱས་པ། བཞི་ནས་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་ལེན་བྱས་ནས་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པ་དེ་མི་དམངས་རང་ཁྱིམ་རང་བདག་བྱེད་པའི་མཚོན་ཚུལ་གལ་ཆེན་ལ་འགྱུར་བར་བྱས་པ། ལྔ་ནས་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་ལས་དོན་ལ་སྐུལ་འདེད་བཏང་བ། དྲུག་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞི་རྩའི་ངེས་གནས་མཐའ་འཁྱོངས་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཡོད་ཅེས་གསུངས་པ་རེད།
    སྙན་སྒྲོན་ནང་། ལི་ཀྲན་ཧྲུའུ་ཡིས་སླད་ཕྱིན་ལོ་གཅིག་རིང་གི་ལས་འགན་གཙོ་བོའི་ཐད་བཀོད་སྒྲིག་གནང་བ་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྒྱུད་རིམ་ཆ་ཚང་བའི་ལམ་ལུགས་མ་ལག་ལ་བརྟེན་ནས་རྩ་ཁྲིམས་ལག་ལེན་བསྟར་རྒྱུ་འགན་ལེན་བྱེད་པ། ཁྲིམས་འཛུགས་ལས་དོན་གྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་བ། བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་ལས་དོན་གྱི་ལྟ་སྐུལ་ཡག་པོ་བསྒྲུབ་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་ལས་དོན་ཡག་པོ་བསྒྲུབ་པ། “ལས་ཁུངས་བཞིའི”བླང་བྱ་ལྟར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་རེད།
    ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ནང་། 2021ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་པས་ལས་དོན་ཁག་ལ་འཕེལ་རིམ་གསར་པ་བྱུང་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཁག་33602བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁག་28720ཞིབ་སྒྲུབ་ཟིན་པ། ས་གནས་རིམ་ཁག་མི་དམངས་ཁྲིམས་ཁང་དང་ཆེད་དམིགས་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཁག་ཁྲི་3351.6བདག་སྤྲོད་བྱས་པ། གྱོད་གཞི་ཁག་ཁྲི་3010.4ཞིབ་སྒྲུབ་ལག་བསྟར་བྱས་ཟིན་པ། གྱོད་མཇུག་སྒྲིལ་བའི་དམིགས་བྱའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་8.3ཟིན་པ་བཅས་རེད་ཅེས་གསུངས་པ་རེད།
    སྙན་སྒྲོན་ནང་། ཀྲོའུ་ཆང་གིས་ཕྱོགས་དྲུག་ཐད་ནས་2021ལོའི་ལས་དོན་གཙོ་བོ་ཕྱོགས་སྡོམ་གནང་བ་སྟེ། གཅིག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། གཉིས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུས་པ། གསུམ་ནས་མི་དམངས་ལྟེ་བར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ། བཞི་ནས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་དང་རིག་ལྡན་ཁྲིམས་ཁང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ལྔ་ནས་རང་རྟོགས་ངང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ། དྲུག་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་ཁྲིམས་ཁང་གི་ཕུལ་བྱུང་ལས་དོན་པ་གསོ་སྐྱོང་ཧུར་ཐག་བྱས་པ་བཅས་རེད།
    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཀྲང་ཅུན་གྱིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ནང་། 2021ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་འོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་བཅོས་སྐྱོང་ནང་སྔར་བས་རང་རྟོགས་ངང་ཞུགས་ཏེ་ཁྲིམས་ལྟར་རང་སྟོབས་འགན་འཁྲི་བསྒྲུབས་པས་ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་སོགས་ཞིབ་དཔྱོད་ལས་དོན་ཁག་ལ་འཕེལ་རིམ་གསར་པ་བྱུང་ཡོད། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་བསྡོམས་གྱོད་གཞི་སྣ་ཚོགས་ཁྲི་363.7སྒྲུབ་གཉེར་བྱས་པ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་20.9%འཕར་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་འགྲེལ་བཤད་ཁག་19བཟོས་པ་དང་། མཛུབ་སྟོན་རང་བཞིན་གྱི་གྱོད་དཔེ་ཁག་ཐེངས་8ཀྱི་གྱོད་གཞི་ཁག་37དང་། དཔེ་མཚོན་གྱོད་གཞི་ཁག་ཐེངས་76གི་གྱོད་གཞི་ཁག་563བཟོས་ཡོད་ཅེས་གསུངས་པ་རེད།
     སྙན་སྒྲོན་ནང་། ཀྲང་ཅུན་གྱིས་2021ལོའི་ལས་དོན་ལ་ཕྱིར་དྲན་གནང་བ་སྟེ། གཅིག་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་བསྒྲུབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། གཉིས་ནས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་གྱིས་ཞིབ་དཔྱོད་ཀྱི་འགན་འཁྲི་བསྒྲུབས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱས་པ། གསུམ་ནས་ལྟ་སྐུལ་ཤུགས་ཆེན་བྱས་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་བསྒྲུབས་ནས་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་པ། བཞི་ནས་གཏུག་བཤེར་གྱི་ཡོང་ཁུངས་བཅོས་སྒྲིག་བྱས་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་བསྒྲུབས་ནས་ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་བྱས་པ། ལྔ་ནས་ཞིབ་དཔྱོད་ནན་སྐྱོང་བྱས་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་བསྒྲུབས་ནས་ཞིབ་དཔྱོད་ཀྱི་ཕུལ་བྱུང་ལས་དོན་པ་གསོ་སྐྱོང་བྱས་པ་བཅས་རེད།
    ཚོགས་འདུར་འཐུས་མི་2951ཞུགས་དགོས་པ་དང་། འཐུས་མི་2761ཞུགས་ཡོད་པ་དང་འཐུས་མི་190ཚོགས་འདུར་ཞུགས་ཐུབ་མེད་པས་ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

  
style="display:none;"