མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་ཧྲོར་ཚི་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་11ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་5ཚེས་9ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་འཇར་མན་གྱི་ཙུང་ལི་ཧྲོར་ཚི་དང་བརྙན་ལམ་ནས་ཞལ་འཛོམས་གནང་བཞིན་པ།

འདི་ནི་ཟླ་5ཚེས་9ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་འཇར་མན་གྱི་ཙུང་ལི་ཧྲོར་ཚི་དང་བརྙན་ལམ་ནས་ཞལ་འཛོམས་གནང་བཞིན་པ།

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་9ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་ཧྲོར་ཚི་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། དེང་སྐབས་རྒྱལ་སྤྱིའི་དུས་བབ་ལ་རྒྱུན་མཐུད་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད། གོ་ལ་ཧྲིལ་པོའི་བདེ་འཇགས་དང་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད་པས། ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་དུས་རབས་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་དགོས་ཀྱི་ཡོད། ཀྲུང་གོ་དང་འཇར་མན་གཉིས་ཀ་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་རེད། མིག་སྔའི་དུས་བབ་འོག ཀྲུང་གོ་དང་འཇར་མན་གྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་བརྟན་ལྷིང་རང་བཞིན་དང་། དགེ་མཚན་ལྡན་པའི་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་གལ་ཆེན་པོ་ཡོད། དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་མ་ཟད། འཛམ་གླིང་ཞི་བདེ་བརྟན་ལྷིང་ལའང་ལེགས་སྐྱེས་གལ་ཆེན་འབུལ་ཐུབ།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདས་ཟིན་པའི་ལོ་ངོ་50ཡི་རིང་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ཆུ་ཚད་མཐོ་བའི་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ་བརྒྱུད་ཐུན་མོང་འཕེལ་རྒྱས་དང་ཕན་ཚུན་དབར་ཕན་བདེ་བསྐྲུན་རྒྱུ་མངོན་འགྱུར་བྱུང་ཡོད་ཅིང་། དེའི་འགག་རྩ་ནི་ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བྱས་པས་ཡིན། རྩ་ཆེའི་ཉམས་མྱོང་དང་རྩ་དོན་གལ་ཆེན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་བཏང་མེད་ལ། འཇར་མན་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཟོལ་མེད་ཀྱི་བསམ་འདུན་ལའང་འགྱུར་ལྡོག་བཏང་མེད། དེ་བས་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོས་དོན་སྙིང་ལྡན་པའི་དོན་ཆེན་དེ་བས་མང་བ་མཉམ་དུ་སྒྲུབ་པའི་ཡིད་ཆེས་ལ་འགྱུར་ལྡོག་བཏང་མེད། ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་དང་མཉམ་ལས་ཀྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཕྱོགས་གཉིས་པོའི་སྐད་ཆ་ཤོད་རེས་དང་མཉམ་ལས་ཀྱི་ལམ་སྲོལ་ཡག་པོ་སྤྱད་དེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། གཞི་ཆེན་དཔལ་འབྱོར་སྲིད་ཇུས། དངུལ་རྩ་བརྟན་པོ། ནུས་རྒྱུའི་བདེ་འཇགས། འབྲུ་རིགས་བདེ་འཇགས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བཅས་བརྟན་པོ་ཡོང་བ་སོགས་ཀྱི་ཁྱབ་ཁོངས་ཁག་ཏུ་སྐད་ཆ་ཤོད་རེས་བྱས་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་དགོས། གཉིས་ཁེ་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་དང་། ཞབས་ཞུ་ཚོང་དོན། མིས་བཟོས་རིག་ནུས། གྲངས་འཛིན་ཅན་སོགས་ཀྱི་ལག་རྩལ་གསར་པའི་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས། ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་བཞིན་ཡོད་པས་འཇར་མན་ཚུད་པའི་རྒྱལ་ཁབ་ཁག་ལ་དེ་བས་རྒྱ་ཆེ་བའི་ཁྲོམ་རའི་གོ་སྐབས་བསྐྲུན་ཐུབ། དོན་ངོ་མའི་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་གནས་བབ་མཉམ་དུ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱེད་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་དོ་སྙོམས་དང་། མཐུན་སྦྱོར། བསྟུན་མཁས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཇར་མན་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོར་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཡོ་རོབ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡིན་པ་དང་། ཀྲུང་གོ་དང་ཡོ་རོབ་ནི་ཕན་ཚུན་གོ་སྐབས་བསྐྲུན་པ་ཞིག་ཡིན་པས་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཐུན་མོང་གི་ཁེ་ཕན་ནི་འགལ་ཟླ་ལས་ལྡབ་ཀྱིས་མང་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་འཐབ་ཇུས་རང་བདག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ནི་སུ་ཞིག་ལ་དམིགས་པ་ཞིག་མིན་པ་དང་། སུ་ཞིག་ལ་བརྟེན་པ་ཞིག་མིན་ལ། ཕྱོགས་གསུམ་པ་སུ་ཞིག་གིས་ཀྱང་ཚོད་འཛིན་ཕོག་མེད། འདི་ནི་ཕྱོགས་གཉིས་པོས་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་ཞིག་རེད། ཕྱོགས་གཉིས་པོས་རྩོད་སྒྲུབ་དང་ཕུགས་ཀྱི་མིག་རྒྱང་མཐའ་འཁྱོངས་དང་། ཕན་ཚུན་བརྩི་འཇོག་བྱེད་རྒྱུ་མཐའ་འཁྱོངས། ཡང་དག་པའི་ངོས་འཛིན་བརྟན་སྲུང་། འབྲེལ་གཏུག་ལ་ཤུགས་སྣོན། ཕན་ཚུན་ཡིད་ཆེས་ཆེར་གཏོང་བཅས་བྱེད་དགོས། ས་འབྲེལ་ཆབ་སྲིད་ཀྱི་ཉམས་ཉེན་མདུན་དུ་སྐད་ཆ་ཤོད་རེས་དང་མཉམ་ལས་དར་སྤེལ་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་བརྟན་ལྷིང་རང་བཞིན་ལ་བརྟེན་ནས་རྒྱལ་སྤྱིའི་དུས་བབ་ཀྱི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་ཁ་གཏད་གཅོག་དགོས། རིམས་ནད་རྗེས་ཀྱི་སླར་གསོའི་དཀའ་གནད་མདུན་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་མཉམ་ལས་ཀྱི་སྒོ་དབྱེའི་རང་བཞིན་ལ་བརྟེན་ཏེ་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མདུན་དུ་གནམ་གཤིས་འགྱུར་ལྡོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ལ་དམིགས་ནས་ཀྲུང་གོ་དང་ཡོ་རོབ་དབར་སྐད་ཆ་ཤོད་རེས་ཀྱི་རྒྱ་ཁྱབ་རང་བཞིན་ལ་བརྟེན་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་དགོས། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།
    ཧྲོར་ཚི་ཡིས་གསུངས་དོན། ཉེ་བའི་ལོ་ཤས་རིང་འཇར་མན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཧ་ཅང་ཡག་པོ་ཡོད་པས་ཕྱོགས་གཉིས་པོས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་བ་དང་། རིམ་པ་ཁག་གི་སྤེལ་རེས་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ། འཇར་མན་དང་ཀྲུང་གོ་སྲིད་གཞུང་གི་རེས་སྐོར་གསར་པའི་གྲོས་མོལ་ཡག་པོ་གཉེར་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་གཞི་ཆེན་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་སོགས་ཀྱི་གྲོས་གཞི་གལ་ཆེན་ཐད་སྐད་ཆ་ཤོད་རེས་ཐུབ་པའི་འགན་ལེན་བྱས་ནས་ཚོང་དོན་མ་འཇོག་དང་། གནམ་གཤིས་འགྱུར་ལྡོག རིམས་ནད་འགོག་རྒོལ། འཕྲོད་བསྟེན་སྨན་བཅོས། སློབ་གསོ་རིག་གནས་སོགས་ཀྱི་ཁྱབ་ཁོངས་ཆེན་པོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ནང་ཀྲུང་གོ་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། དེས་འཇར་མན་ཕྱོགས་ལ་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ཁྱབ་ཁོངས་ཀྱི་སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
   རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ད་དུང་ཡུག་རེན་གྱི་དུས་བབ་ཐད་ཟོལ་མེད་ཀྱི་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཞི་བདེའི་ཕྱོགས་སུ་ལངས་ཀྱི་ཡོད། དོན་དག་རང་ངོས་ཀྱི་བདེན་རྫུན་འཁྱོག་དྲང་ལ་གཞིགས་པ་དང་རང་ཚུགས་རང་བདག་ངང་བརྡར་ཤ་གཅོད་པ་མ་ཟད། ད་དུང་རང་ཉིད་ཀྱི་ཐབས་ལམ་ཐོག་ནས་འདུམ་ཐབས་ཀྱི་ཁ་ཏ་དང་གྲོས་མོལ་ལ་སྐུལ་འདེད་དང་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཡུག་རེན་ཉམས་ཉེན་གྱིས་ཡོ་རོབ་ཀྱི་བདེ་འཇགས་དེ་སླར་ཡང་འགག་རྩའི་ལམ་མདོ་ཁར་བསྐྱལ་ཡོད། ནུས་ཤུགས་ཡོད་རྒུས་གདོང་གཏུག་རྣོ་ངར་ཅན་དུ་མི་འགྲོ་བ་དང་། རྒྱ་ཆེ་རུ་མི་འགྲོ་བ། མཇུག་འགྲིལ་ཐབས་མེད་པའི་གནས་སུ་མི་གྱར་བ་བཅས་བྱེད་དགོས། ཡོ་རོབ་ནས་ལོ་རྒྱུས་ཀྱི་འགན་སེམས་དང་ཆབ་སྲིད་ཀྱི་བློ་རིག་ལ་བརྟེན་ཏེ་ཡོ་རོབ་ཀྱི་ཡུན་རིང་བདེ་འཇགས་ལ་གཞིགས་པ་དང་འགན་འཁུར་བའི་རྣམ་པའི་ཐོག་ནས་གནད་དོན་ཐག་གཅོད་བྱེད་དགོས། ཡོ་རོབ་ཀྱི་བདེ་འཇགས་ཀྱང་ཡོ་རོབ་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས། ཀྲུང་གོས་ཡོ་རོབ་ཕྱོགས་ནས་འདུམ་ཐབས་ཀྱི་ཁ་ཏ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་པ་དང་། མཐར་དོ་སྙོམས་དང་། ཕན་ཆེ། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཡོ་རོབ་བདེ་འཇགས་སྒྲོམ་གཞི་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདུམ་ཐབས་ཀྱི་ཁ་ཏ་དང་གྲོས་མོལ་ལ་ཕན་ཐོགས་ཡོད་པའི་འབད་བརྩོན་མཐའ་དག་དང་། འབྲེལ་ཡོད་ཕྱོགས་ཁག་གིས་ཨུ་རུ་སུ་དང་ཡུག་རེན་གཉིས་ནས་གྲོས་མོལ་བརྒྱུད་ཞི་བདེ་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
   ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་ཞལ་འཛོམས་ནང་ཞུགས་པ་རེད།

འདི་ནི་ཟླ་5ཚེས་9ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་འཇར་མན་གྱི་ཙུང་ལི་ཧྲོར་ཚི་དང་བརྙན་ལམ་ནས་ཞལ་འཛོམས་གནང་བཞིན་པ།
འདི་ནི་ཟླ་5ཚེས་9ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་འཇར་མན་གྱི་ཙུང་ལི་ཧྲོར་ཚི་དང་བརྙན་ལམ་ནས་ཞལ་འཛོམས་གནང་བཞིན་པ།

  
style="display:none;"