མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཤཱ་པཱ་ཙི་ཞལ་པར་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་18ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཞལ་ཆད་ལྟར་ཀྲུང་ནན་ཧའེ་ཡི་ཙེ་ཀོང་ཀེར་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་ཤཱ་པཱ་ཙི་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
   ལི་ཁེ་ཆང་གིས་གསུངས་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་མཛའ་མཐུན་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་དང་གྲོགས་པོ་བློས་ཐུབ་རེད། 2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲུབ་འབྲས་ཐོབ་པའི་ངང་ཕ་ཁི་སི་ཐན་ལ་འཚམས་འདྲི་གནང་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་དབར་གྱི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཉེ་འཁོར་ཕྱི་འབྲེལ་ཁྲོད་ཁ་ཕྱོགས་གཙོ་བོར་བཞག་ནས་ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་སྔར་རྒྱུན་བཞིན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཕ་ཁི་སི་ཐན་ཕྱོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། དངུལ་རྩ་བརྟན་པོ་ཡོང་བ་བཅས་ལ་རྒྱབ་སྐྱོར་ཡང་བྱ་རྒྱུ་ཡིན། གཞན་ཡང་། ཕ་ཁི་སི་ཐན་ཕྱོགས་དང་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་སོགས་རྣམ་གྲངས་གལ་ཆེན་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་ཆ་རྐྱེན་འོག་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་ལ་ཤུགས་སྣོན་རྒྱག་འདོད་ཡོད།
   ལི་ཁེ་ཆང་གིས་བསྟན་དོན། རིང་མིན་གོང་ཁཱ་ལཱ་ཆིར་ཀྲུང་གོའི་སྤྱི་དམངས་ལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ལ་ཀྲུང་གོ་ཕྱོགས་ཧ་ལས་པ་དང་། ཁོང་ཁྲོ་ཆེན་པོ་བྱེད་ཅིང་། འཇིགས་སྐུལ་གྱི་འཇབ་རྒོལ་དེར་རྒོལ་གཏམ་དྲག་པོ་བཏང་རྒྱུ་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་གང་མགྱོགས་ལག་དམར་བ་ཁྲིམས་ལ་སྦྱར་བ་དང་། འབྲེལ་ཡོད་རྗེས་མཇུག་ལས་དོན་ཡག་པོ་སྒྲུབ་པ། རྐྱེན་ལམ་དུ་ཤོར་མཁན་གྱི་གཉེན་ཉེ་དང་རྨས་མར་སེམས་གསོ་གཏོང་བ། ཕ་ཀྲུང་ཕྱོགས་ཀྱི་ལས་ཁུངས་དང་མི་སྣའི་བདེ་སྲུང་བྱ་ཐབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཡིད་སྐྱོ་བའི་གནས་ཚུལ་དེ་རིགས་བསྐྱར་ནས་མི་ཐོན་པའི་འགན་ལེན་བྱེད་པའི་རེ་བ་ཡོད།
   ཤཱ་པཱ་ཙི་ཡིས་ཁཱ་ལཱ་ཆིར་ཐོན་པའི་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ནང་ཀྲུང་གོ་ཕྱོགས་ཀྱི་མི་སྣ་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཟབ་མོ་ཞུས་པ་དང་འབྲེལ། རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད། ཁོང་གིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྒོལ་གཏམ་དྲག་པོ་གཏོང་བ་དང་། ཕ་ཀྲུང་ཕྱོགས་ཀྱི་མི་སྣའི་ཚེ་སྲོག་བདེ་འཇགས་ལ་བརྩི་མཐོང་བྱེད་པ། ཀྲུང་གོ་ཕྱོགས་ཀྱི་རྨས་མ་རང་ཉིད་ཀྱི་སྤུན་ཟླ་ལྟར་བརྩིས་ནས་བདག་གཞན་གྱི་དབྱེ་བ་མི་འབྱེད་པ། དོན་རྐྱེན་གྱི་གནས་ཚུལ་ངོ་མར་བརྟག་དཔྱད་ཧུར་ཐག་བྱེད་པ། ལག་དམར་བ་འཛིན་བཟུང་བྱེད་པ་དང་ཁྲིམས་ལ་སྦྱར་ནས་ཆད་པ་ནན་པོ་གཅོད་པ་བཅས་བྱེད་ཀྱི་ཡིན་ལ། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཕ་ཀྲུང་ཕྱོགས་ཀྱི་ལས་ཁུངས་དང་མི་སྣ་ཡོངས་ཀྱི་བདེ་སྲུང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་དོན་རྐྱེན་དེ་རིགས་བསྐྱར་ནས་མི་ཐོན་པའི་འགན་ལེན་ཡང་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་བ་རེད།

  
style="display:none;"