མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་བདམས་ཐོན་བྱུང་བའི་ཙུང་ཐུང་མ་ཁོ་སི་དང་ཞལ་པར་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་20ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་18ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་བདམས་ཐོན་བྱུང་བའི་ཙུང་ཐུང་མ་ཁོ་སི་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་མ་ཁོ་སི་ཧྥི་ལི་ཕིན་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་སླར་ཡང་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་ཁྱེད་ཀྱིས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་དངོས་སུ་ཞུགས་པ་དང་དཔང་པོ་གནང་བས། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་མཛའ་གྲོགས་ཀྱི་འཛུགས་སྐྲུན་པ་དང་། རྒྱབ་སྐྱོར་བ། སྐུལ་འདེད་པ་བཅས་རེད། ཧྥི་ལི་ཕིན་ལ“འགྲོ་སའི་ལམ་མ་ཤེས་ན། ཐག་རིང་པོར་སླེབས་མི་ཐུབ”ཅེས་པའི་གཏམ་དཔེ་སྙན་པོ་ཞིག་ཡོད། ང་ཚོས་ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་རྒྱུན་འཛིན་ཡག་པོ་བྱས་ནས། ཐོག་མའི་བསམ་འདུན་མ་བརྗེད་པར་དུས་བབ་ཆེན་པོ་སྟངས་འཛིན་གྱིས་དུས་སྐབས་གསར་པའི་ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དོན་ཆེན་ཡག་པོ་བསྒྲུབས་ཏེ། ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི“འཆར་གཞི་གཅིག་མཐར་ཕྱིན་པ”བཀོད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་6ནང་། ཀྲུང་གོ་དང་ཧྥི་ལི་ཕིན་ཕྱོགས་གཉིས་པོས་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་ཡོང་བ་མཐའ་འཁྱོངས་བྱས་པ་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་བཏང་སྟེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་གཏན་འཁེལ་བྱས་ཡོད། ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ནུས་ལྡན་བྱས་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཕྱོགས་གཉིས་པོའི་འབྲེལ་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་རེ་སྒུག་དང་མཐུན་པ་དང་ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་པ་ཞིག་ཡིན་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་དེ་ཉིད་ཉེ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་གནས་བབ་ཐོག་བཞག་ནས་ཧྥི་ལི་ཕིན་ལ་མཛའ་གྲོགས་སྲིད་ཇུས་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། ནུས་རྒྱུ། སློབ་གསོ་སོགས་རྒྱལ་ཇུས་དམངས་འཚོར་དམིགས་པ། རིམས་ནད་འགོག་བཅོས་དང་རིམས་ནད་ཐོན་རྗེས་དཔལ་འབྱོར་སླར་གསོ་བྱེད་པར་དམིགས་པ། ད་ཡོད་ཀྱི་མཉམ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས། འཕར་གཞི་གསར་པ་སྐྱེད་སྲིང་དང་སྔོག་འདོན་བྱས་ཏེ་རྒྱལ་ཁབ་གཉིས་པོ་དང་ས་ཁུལ་འཕེལ་རྒྱས་དང་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཧྥི་ལི་ཕིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། ཞི་བདེ་དང་བདེ་འཇགས་ཐད་འགྲན་སློང་གསར་པ་འཕྲད་ཡོད། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀ་ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དེ་ཁྱིམ་མཚེས་རྒྱལ་ཁབ་དང་མཛའ་མཐུན་གྱི་མཐའ་འཁོར་ཁོར་ཡུག་ལ་གཞི་ཚུགས་པ་དང་། མཉམ་ལས་གཉིས་ཕན་གྱི་ཨེ་ཤེ་ཡའི་ཁྱིམ་ཚང་ཆེ་མོའི་ནང་གཞི་ཚུགས་པ་ཞིག་རེད། ཧྥི་ལི་ཕིན་ཕྱོགས་ཀྱིས་མུ་མཐུད་རང་ཚུགས་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འཐབ་ཇུས་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དེ་གའི་ཞི་བདེ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"