མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཡོངས་བརྟན་པོ་ཡོང་བར་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་
འདུའི་ཐོག་ནན་བཤད་གནང་དོན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་27ཉིན། 09:25】  

   ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཡོངས་བརྟན་པོ་ཡོང་བར་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག དཔལ་འབྱོར་བརྟན་དུ་གཏོང་བའི་སྲིད་ཇུས་ཁག་དོན་འཁྱོལ་གྱིས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཁྲོམ་རའི་བྱེད་པོ་དང་། ལས་ཞུགས། དམངས་འཚོ་བཅས་འགན་ལེན་བྱས་ནས་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་བྱེད་དགོས་པའི་ནན་བཤད་གནང་བ།
   ཧན་ཀྲེང་གིས་གཙོ་སྐྱོང་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཡོངས་བརྟན་པོ་ཡོང་བ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་། ཧུའུ་ཁྲུན་ཧྭ། ལིའུ་ཧོ་བཅས་དང་རྒྱལ་དོན་ཨུ་ཡོན་ཝུའེ་ཧྥུང་ཧོ་དང་། ཝང་ཡུང་། ཤའོ་ཅེ། ཀྲའོ་ཁེ་ཀྲི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
    ལི་ཁེ་ཆང་གིས་འདི་ལོ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཕྱོགས་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཏེ་དཀའ་ངལ་དང་འགྲན་སློང་དང་། ལྷག་དོན་དུ་སྔོན་དཔག་ལས་འདས་པའི་རྒྱུ་རྐྱེན་གྱི་རྡབ་རྡེག་ལ་ཁ་གཏད་ནུས་ལྡན་བཅག་ནས་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཟླ་3པ་དང་ལྷག་པར་དུ་ཟླ་4པ་ཚུན་དུ། ལས་ཞུགས་དང་། བཟོ་ལས་ཐོན་སྐྱེད། གློག་སྤྱོད་ཟོག་འདྲེན་སོགས་ཀྱི་དམིགས་ཚད་མངོན་གསལ་དོད་པོས་དམའ་རུ་ཕྱིན་པ་མ་ཟད། དཀའ་ངལ་ཡང་ཕྱོགས་ཁ་ཤས་དང་ཚད་གཞི་ངེས་ཅན་གྱི་ཐོག་ནས་བལྟས་ན། 2020ལོའི་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་ཕོག་སྐབས་ལས་ཀྱང་ཆེ་བ་ཡོད། འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པར་ནོར་ཤུགས་དང་དངོས་ཤུགས་ཀྱི་ཐད་ནས་འགན་ལེན་བྱེད་དགོས་པ་དང་། ལས་ཞུགས་འགན་ལེན་དང་། དམངས་འཚོ་འགན་ལེན། ཉེན་ཁ་སྔོན་འགོག་བཅས་ཚང་མར་འཕེལ་རྒྱས་ཀྱི་འདེགས་སྐྱོར་ཡོད་དགོས། མིག་སྔར་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་ཕྱོགས་ཐག་གཅོད་ཀྱི་འགག་རྩའི་ལྷུ་ཚིགས་སུ་གནས་ཡོད་པས། ངེས་པར་དུ་དུས་ཚོད་དམ་འཛིན་བྱས་ནས་དཔལ་འབྱོར་རྒྱུན་གཏན་གྱི་བགྲོད་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་ནུས་ཆེའི་ངང་སྤྱི་འདོམས་ཀྱིས་ཡིད་ཆེས་བརྟན་དུ་གཏོང་བ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ་འཕར་སྣོན་བརྟན་པོ་ཡོང་བ་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་། ཁྲོམ་རའི་བྱེད་པོར་འགན་ལེན་ནུས་ལྡན་བྱེད་པར་བརྟེན་ནས་ལས་ཞུགས་འགན་ལེན་དང་དམངས་འཚོ་འགན་ལེན། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་སྲུང་སྐྱོང་བཅས་བྱས་ཏེ། དུས་ཚིགས་གཉིས་པའི་དཔལ་འབྱོར་འཕར་སྣོན་ལུགས་མཐུན་དང་ལས་ཀ་ཤོར་ཚད་གང་མགྱོགས་ཆག་པར་འབད་བརྩོན་བྱས་ནས་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།
    ལི་ཁེ་ཆང་གིས་དཔལ་འབྱོར་སྤྱི་ཡོངས་བརྟན་པོ་ཡོང་བར་སྡེ་ཚན་ཁག་ཚང་མར་འགན་འཁྲི་ཡོད། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་གཏན་འཁེལ་བྱས་པའི་སྲིད་ཇུས་བྱ་ཐབས་ལོ་སྟོད་དུ་གཞི་རྩའི་ཆ་ནས་ལག་ལེན་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཕྱོགས་6ཐད་ཀྱི་དོན་ཚན་33གྱི་དཔལ་འབྱོར་བརྟན་དུ་གཏོང་བའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ནས་ཟླ་5པའི་ཟླ་མཇུག་གོང་བཀོལ་སྤྱོད་ཆོག་པའི་ལག་བསྟར་ཞིབ་སྲོལ་འདོན་རྒྱུ་དང་འདོན་དགོས་རིགས་ཚང་མ་འདོན་དགོས་ལུགས་བཏོན་པ་རེད། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱ་ཐབས་ལ་བརྟེན་ནས་སྲིད་ཇུས་ལག་བསྟར་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། ལག་བསྟར་བྱས་ཚུལ་ལ་རྗེས་སྙེག་དམ་ཟབ་བྱེད་པ། འཐུས་སྒོ་ཚང་དུ་གཏོང་དགོས་རིགས་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། སྲིད་ཇུས་ཀྱི་ཕན་པ་ཐོབ་པའི་དུད་ཚང་དང་མི་སྣ་ཆད་ལུས་མེད་པར་གསལ་པོ་རྟོགས་ཐུབ་པ་དང་ལོངས་སྤྱོད་ཐུབ་རིགས་ཚང་མར་ལོངས་སྤྱོད་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། ལོ་འདི་དག་རིང་ང་ཚོས་ཞིང་ཆུ་ལེབ་གཏོང་མི་བྱེད་པ་མཐའ་འཁྱོངས་བྱས་པས་གཞི་ཆེའི་སྲིད་ཇུས་ལ་སྔར་བཞིན་བར་སྟོང་ཡོད། དེར་བརྟེན་སྲིད་ཇུས་གྲབས་གསོག་མུ་མཐུད་ལེགས་པར་སྒྲུབ་དགོས་ཞེས་གསུངས་པ་རེད།
   ལི་ཁེ་ཆང་གིས་ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱེད་དགོས། ས་གནས་ཀྱིས་ཡུལ་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་དང་ཡུལ་ཕྱོགས་གཅིག་ལ་བདེ་སྐྱིད་བསྐྲུན་པའི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བཞིན་ཡོད་པས། མངའ་ཁོངས་སྲུང་བའི་འགན་འཁྲི་ཡག་པོ་འཁུར་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། དཀའ་གནད་གཉིས་དང་དཀའ་གནད་མང་པོའི་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་བྱེད་པ་ནི་རིམ་ཁག་སྲིད་གཞུང་གི་སྲིད་འཛིན་ནུས་པར་ཚོད་བགམ་བྱེད་པ་ཞིག་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཏེ་ཕྱོགས་ཡོངས་ནས་སྟངས་འཛིན་གྱིས་རྐྱང་འཐབ་དང་རྒྱུག་པ་ལེབ་བརྡུངས་གཏན་འགོག་བྱེད་དགོས། གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་ནས་ཡུལ་བབ་དང་བསྟུན་ཏེ་རང་ངོས་སྲིད་ཇུས་ཀྱི་གཏིང་ཤུགས་སྔོག་འདོན་བྱས་ནས་ཁྲོམ་རའི་བྱེད་པོར་དཀའ་ངལ་སེལ་རོགས་བྱེད་པ་དང་ལས་གནས་བརྟན་དུ་དང་མང་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་འདོན་ཐུབ་རིགས་ཚང་མ་འདོན་དགོས། གཞུང་ཁོངས་ཁེ་ལས་དང་། དམངས་གཉེར་ཁེ་ལས། ཕྱི་དངུལ་ཁེ་ལས་སོགས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ལ་ཉེ་རིང་མེད་པར་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ། ཁྲོམ་ར་ཅན་གྱི་བྱ་ཐབས་དང་སྒྱུར་བཅོས་བྱ་ཐབས་ལ་བརྟེན་ནས་དཀའ་གནད་སེལ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཟོག་འགྲེམས་དང་ཐོན་ལས་འཁོར་འབྲེལ་གོང་འོག་འབྲེལ་མཚམས་ཀྱི་འགག་གནད་སྔར་བས་བཤངས་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་དགོས། དམངས་འཚོ་འགན་ལེན་ཏན་ཏིག་བྱས་ཏེ་དུས་ཐོག་ཏུ་ལས་ཤོར་འགན་བཅོལ་དང་། མ་མཐའི་འཚོ་བའི་འགན་ལེན། རོགས་སྐྱོབ་སོགས་ཀྱི་མ་དངུལ་དུས་ཐོག་ཏུ་མང་ཚོགས་ཀྱི་ལག་ཏུ་སྤྲད་དེ་གཞི་ཁྱོན་ཆེ་བའི་དབུལ་པོ་བསྐྱར་ལོག་མི་ཐོན་པ་བྱེད་དགོས། ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ཆེན་12ལ་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་མངགས་ནས་སྲིད་ཇུས་དོན་འཁྱོལ་དང་ལྷན་སྦྱར་ལས་དོན་སྤེལ་ཚུལ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རེད་ཅེས་གསུངས་པ་རེད།

  
style="display:none;"