མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དང་ཀེ་རི་སེའི་ཙུང་ཐུང་ས་ཁེ་ལ་ལུའོ་ཕུའུ་ལུའུ་ཡིས་ཀྲུང་གོ་དང་ཀེ་རི་སེའི་དབར་ཕྱི་འབྲེལ་བཙུགས་ནས་
ལོ་ངོ་50འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་07ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀེ་རི་སེའི་ཙུང་ཐུང་ས་ཁེ་ལ་ལུའོ་ཕུའུ་ལུའུ་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཏེ་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། དུས་རབས་ཕྱེད་ཀ་ཙམ་རིང་ཀྲུང་གོ་དང་ཀེ་རི་སེ་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་མིག་རྒྱང་མཐའ་འཁྱོངས་དང་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཞིང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། སྒོ་དབྱེ་དང་གཉིས་ཕན་གྱི་འདུ་ཤེས་གཞིར་བཟུང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། གནའ་བོའི་ཤེས་དཔལ་གྱི་བློ་གྲོས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤེས་དཔལ་དཔྱད་གཞིར་འཛིན་པའི་དཔེ་མཚོན་བཏོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངས་ཀྲུང་གོ་དང་ཀེ་རི་སེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ས་ཁེ་ལ་ལུའོ་ཕུའུ་ལུའུ་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བྱས་ཏེ་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཀེ་རི་སེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
     ས་ཁེ་ལ་ལུའོ་ཕུའུ་ལུའུ་ཡིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་ཀེ་རི་སེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བརྩི་འཇོག་བྱེད་པའི་སྙིང་སྟོབས་ཐོག་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མཛའ་གྲོགས་དར་སྤེལ་གཏོང་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་བཙུགས་ཡོད། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་འབད་བརྩོན་དང་ཐུན་མོང་ཐོག་སྐུལ་འདེད་བཏང་ན། ཤེས་དཔལ་ལ་སྐུལ་འདེད་གཏོང་བའི་སྐད་ཆ་ཤོད་རེས་དང་འཛམ་གླིང་ཞི་བདེར་སྲུང་སྐྱོང་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཐུབ་པའི་ཡིད་ཆེས་ཡོད།
     དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཞིང་། ལི་ཁེ་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་ཀེ་རི་སེ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་། མཚོ་ཐོག་སྐྱེལ་འདྲེན། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཀེ་རི་སེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐས་རིམ་དེ་བས་མཐོ་བ་ཞིག་ཏུ་ཟམ་མི་ཆད་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད། སྨི་ཙུའོ་ཐ་ཅི་སིས་ཀེ་རི་སེ་དང་ཀྲུང་གོའི་མཛའ་གྲོགས་བརྟན་པོ་དང་ཆུ་ཚད་མཐོ་བའི་མཉམ་ལས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་ལ་དཔེ་མཚོན་ཡག་པོ་བཏོད་ཡོད་ཅིང་། རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བྱས་ཏེ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"