མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2022ལོའི་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་07ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     རྟེན་འབྲེལ་འཕྲིན་ཡིག
     2022ལོའི་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་བའི་སྐབས་འདིར་ངས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
     སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་རྨང་གཞི་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་སྲུང་འཛིན་བྱ་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་ཏུ་བརྩིས་ཏེ། རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྩ་བའི་རང་བཞིན་དང་། གསར་གཏོད་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་ལྡན་པའི་ལས་དོན་རབ་དང་རིམ་པ་སྤེལ་བས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གལ་ཆེན་སྤོས་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་འགྱུར་བའི་རང་བཞིན། ཁྱོན་ཡོངས་ཀྱི་རང་བཞིན་བཅས་ཀྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
     སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྦགས་བཙོག་བཅོས་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་བཅས་ལ་སྤྱི་འདོམས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་ཧུར་ཐག་བསྐྲུན་ནས་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཧུར་ཐག་ངང་ཁྱབ་སྤེལ་གཏོང་མཁན་དང་དཔེ་བཟང་ལག་ལེན་བསྟར་མཁན་ཞིག་བྱས་ནས་ཉམས་ལེན་འབད་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་བུ་རབས་ཚ་རྒྱུད་ལ་ནམ་མཁའ་སྔོ་བ་དང་། ས་གཞི་ལྗང་བ། ཆུ་མོ་དྭངས་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་བསྐྲུན་རྒྱུའི་རེ་བ་ཡོད།
     ཞི་ཅིན་ཕིང་གིས།
     2022ལོའི་ཟླ་6ཚེས་5ཉིན།
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་འབྱོར་པའི་གློག་འཕྲིན)
     ཤིན་ཧྭ་གསར་འགྱུར་ཁང་ཧྲེན་དབྱང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་2022ལོའི་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དུ་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ནས་བྱེད་སྒོ་གཉེར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་གནང་དོན། སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་རྨང་གཞི་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་སྲུང་འཛིན་བྱ་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་ཏུ་བརྩིས་ཏེ། རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྩ་བའི་རང་བཞིན་དང་། གསར་གཏོད་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་ལྡན་པའི་ལས་དོན་རབ་དང་རིམ་པ་སྤེལ་བས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གལ་ཆེན་སྤོས་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་འགྱུར་བའི་རང་བཞིན། ཁྱོན་ཡོངས་ཀྱི་རང་བཞིན་བཅས་ཀྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྦགས་བཙོག་བཅོས་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་བཅས་ལ་སྤྱི་འདོམས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་ཧུར་ཐག་བསྐྲུན་ནས་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཧུར་ཐག་ངང་ཁྱབ་སྤེལ་གཏོང་མཁན་དང་དཔེ་བཟང་ལག་ལེན་བསྟར་མཁན་ཞིག་བྱས་ནས་ཉམས་ལེན་འབད་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་བུ་རབས་ཚ་རྒྱུད་ལ་ནམ་མཁའ་སྔོ་བ་དང་། ས་གཞི་ལྗང་བ། ཆུ་མོ་དྭངས་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། (རྟེན་འབྲེལ་འཕྲིན་ཡིག་ཆ་ཚང་ཟུར་དུ་འགོད་རྒྱུ)
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོར་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད། སའི་གོ་ལ་ནི་མིའི་རིགས་འཚོ་གནས་བྱེད་སའི་ཁྱིམ་གཞིས་གཅིག་པུ་དེ་ཡིན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱ་རྒྱུ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ལས་དོན་སྤྱི་ཡོངས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་འགྱུར་བའི་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་ཞེས་གསུངས་པ་རེད།
     ཧན་ཀྲེང་གིས་ནན་བཤད་གནང་དོན། མི་དང་རང་བྱུང་ཁམས་ཚེ་སྲོག་བཅས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་རི་ཆུ་ནགས་གསུམ་དང་། ཞིང་ཁ་དང་མཚེའུ། རྩྭ་ཐང་དང་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དབྱེ་བ་དང་འབྲེལ་ནན་པོ་བསྲུངས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་དགོས་པ་དང་།
     གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་རྒྱུན་སྲིང་ལྷོད་མེད་ངང་ཐག་གཅོད་དང་སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་མི་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས་པ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་ཐཱན་ཚད་མཐོ་ཤོས་ཐཱན་ཚད་སྙོམ་སྦྱོར་ལ་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ཐཱན་ཉུང་དུ་གཏོང་བ་དང་དུས་མཚུངས་ནུས་རྒྱུའི་བདེ་འཇགས་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས། འབྲུ་རིགས་བདེ་འཇགས་བཅས་འགན་ལེན་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་འགན་ལེན་བྱེད་དགོས་པ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐུན་མོང་ཐོག་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དང་ལག་ལེན་གྱིས་འཛམ་གླིང་མི་དམངས་ལ་ཕན་བདེ་སྐྲུན་དགོས་པ་བཅས་རེད།
     བྱེད་སྒོ་མ་སྤེལ་གོང་ཧན་ཀྲེང་གིས“དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་པ་རེད།
     རང་རྒྱལ་གྱིས་2017ལོ་ནས་བཟུང་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་བསྟུད་མར་སྤེལ་བ་དང་འདི་ལོའི་བྱེད་སྒོ་དེ་སྐྱེ་ཁམས་ཁོར་ཡུག་པུའུ་དང་། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་། ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན་པ་དང་བརྗོད་བྱ་གཙོ་བོ་ནི“དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན”ཞེས་པ་དེ་རེད།

  
style="display:none;"