མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཕུའུ་ཅིང་གིས་བཀའ་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་16ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཁ་པར་བཏང་ནས་བཀའ་མོལ་གནང་བ་རེད།  
     ཞི་ཅིན་ཕིང་གིས་བསྟན་དོན། ད་ལོར་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཟང་ཟིང་འགྱུར་ལྡོག་གི་མདུན་དུ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། ཧའེ་ཧོ་ནས་པུའུ་ལ་ཀེ་ཝེ་ཧྲེ་སི་ཁེའི་གཞུང་ལམ་གྱི་ཟམ་པ་ཤར་གཏོང་ཐུབ་ནས་རྒྱལ་ཁབ་གཉིས་པོའི་བར་ཕན་ཚུན་མཉམ་སྦྲེལ་མཉམ་མཐུད་བྱེད་པའི་བགྲོད་ལམ་གསར་པ་ཞིག་བཏོད་ཡོད། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་བརྟན་ཐོག་རྒྱང་བགྲོད་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་བདག་དབང་དང་བདེ་འཇགས་སོགས་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེ་རིགས་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་དང་། འབོ་གསེར་རྒྱལ་ཁབ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་གལ་ཆེན་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་སྒྲིག་ལམ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།
     ཕུའུ་ཅིང་གིས་བཤད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག ཀྲུང་གོར་གོང་འཕེལ་གྱི་གྲུབ་འབྲས་ཆེན་པོ་ཐོབ་པར་ཨུ་རུ་སུ་ཕྱོགས་ནས་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལོར་ཨུ་རུ་སུ་དང་ཀྲུང་གོའི་དངོས་གཉེར་མཉམ་ལས་བརྟན་པོའི་སྒོ་ནས་གོང་འཕེལ་བྱུང་ཡོད། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོར་རྒྱབ་སྐྱོར་བྱེད་པ་དང་སྟོབས་ཤུགས་གང་རུང་གིས་ཞིན་ཅང་དང་ཞང་ཀང་། ཐའེ་ཝན་སོགས་ཀྱི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་དང་ཕྱོགས་མང་རོགས་ལས་བྱེད་ཤུགས་ཆེ་རུ་བཏང་ནས། འཛམ་གླིང་སྣེ་མང་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། སྔར་བས་གཞུང་དྲང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་སྐྲུན་རྒྱུར་དགེ་མཚན་ལྡན་པའི་འབད་བརྩོན་བྱེད་འདོད་ཡོད།
     རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཡུག་རེན་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡུག་རེན་གནད་དོན་གྱི་ལོ་རྒྱུས་ཀྱི་འཕྲེད་གཞུང་དང་ཡིན་མིན་གསལ་འབྱེད་བྱེད་རྒྱུར་གཞིགས་ཏེ། རང་ཚུགས་རང་བརྟེན་སྒོ་ནས་བརྡར་ཤ་གཅོད་པ་དང་འཛམ་གླིང་ཞི་བདེར་སྐུལ་འདེད་ཧུར་ཐག་གཏོང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་ལམ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་གི་ཡོད། ཕྱོགས་ཁག་གིས་འགན་འཁུར་བའི་རྣམ་པའི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་འོས་འཚམ་ཐུབ་རྒྱུར་སྐུལ་འདེར་གཏོང་དགོས། ཀྲུང་གོས་མུ་མཐུད་དེ་དོན་དེའི་ཐད་དགོས་ངེས་ཀྱི་ནུས་པ་འདོན་འདོད་ཡོད།

  
style="display:none;"