མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་སློབ་སྦྱོང་རྩ་གནད》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་22ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་སློབ་སྦྱོང་རྩ་གནད》(གཤམ་དུ《རྩ་གནད》ཅེས་བསྡུ་རྒྱུ)དེབ་རྩོམ་འབྲི་སྒྲིག་འཛུགས་བྱས་ཤིང་། མི་དམངས་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་པ་དང་། དེ་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱ་རྒྱུ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་བ་དང་། སྤྱི་ཡོངས་གཅིག་འདོམས། འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བཅས་བྱས་ཏེ། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་མཛུབ་ཁྲིད་བྱས་པས། ལག་ལེན་ནང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་གྲུབ་པ་དང་འཕེལ་རྒྱས་ཕྱིན་ཡོད། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མ་ལག་དམ་ནན་ཞིབ་ཚགས་དང་། ནང་དོན་ཕུན་སུམ་ཚོགས་པ། རྒྱ་ཆེ་གཏིང་ཟབ་བཅས་ཡོད་པས། དུས་རབས་གསར་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཇི་ལྟར་ལྟ་བ་དང་ཇི་ལྟར་སྒྲུབ་པ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་ཡོད། འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་དང་། ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་ལྷོད་མེད་བྱས་ཏེ་གྲུབ་པའི་རྩ་ཆེའི་བསམ་བློའི་ཉིང་བཅུད། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་དེང་རབས་ཀྱི་ཀྲུང་གོ་དང་དུས་རབས་21པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་བཅས་རེད།
     《རྩ་གནད》ལ་ཁྱོན་ལེའུ་15དང་། དཀར་ཆག་58 དོན་ཚན་146 ཡིག་འབྲུ་ཁྲི་10བཅས་ཡོད། དེབ་འདིའི་འགོ་ནས་མཇུག་བར། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ནས། དཔལ་འབྱོར་ཁྱབ་ཁོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་མའི་གསར་རྩོམ་རང་བཞིན་གྱི་ལེགས་སྐྱེས་ཕྱོགས་ཡོངས་ནས་མཚོན་ཡོད། 《རྩ་གནད》ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། གྲུབ་ཆ་གཟབ་ནན། མ་ཡིག་དང་མ་རྩོམ་ལ་ཇི་མ་ཇི་བཞིན་གཞིགས་པ། རྩོམ་སྲོལ་གསོན་ཉམས་ལྡན་ཞིང་བབ་ཆགས་པ་བཅས་ཡོད། འདི་ནི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་གོ་བ་གཏིང་ཟབ་ལེན་པར་རམ་འདེགས་བྱེད་པའི་ཀློག་དེབ་གལ་ཆེན་ཞིག་རེད།
     ཀྲུང་དབྱང་དྲིལ་བསྒྲགས་པུས་བརྡ་ཐོ་བཏང་ནས། རིམ་ཁག་ཏང་ཨུད(ཏང་ཙུའུ)ལ《རྩ་གནད》སློབ་སྦྱོང་གི་འཆར་གཞིའི་ནང་བཅུག་སྟེ། ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། དུས་ཐོག་རྗེས་སྙེག་གིས་སློབ་སྦྱོང་། བསམ་གཞིག་གཏིང་ཟབ་ཀྱིས་སློབ་སྦྱོང་། དོན་དངོས་ཟུང་འབྲེལ་གྱིས་སློབ་སྦྱོང་། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ། དེ་བས་རང་རྟོགས་ངང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་བརྟེན་ནས་དོན་དངོས་གནད་དོན་ཐག་གཅོད་བྱེད་པར་མཛུབ་ཁྲིད་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་བ། སློབ་སྦྱོང་གི་ཕན་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ལ་ཏན་ཏིག་འགྱུར་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 

  
style="display:none;"