མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པ་གཙོ་སྐྱོང་གནང་བ། གྲངས་གཞིའི་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་བཙུགས་ནས་སྲིད་འཛིན་ས་ཁོངས་དབྱེ་འབྱེད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་བ། ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་22ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག 《གྲངས་གཞིའི་རྨང་གཞིའི་ལམ་ལུགས་བཙུགས་ནས་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་ནུས་པ་འདོན་སྤེལ་སྔར་ལས་ཡག་པ་བྱེད་པའི་སྐོར་གྱི་བསམ་འཆར》དང་། 《སྲིད་འཛིན་ས་ཁོངས་དབྱེ་འབྱེད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《ཚན་རྩལ་ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་སྒྱུར་བཅོས་ཚོད་ལྟའི་སྐོར་གྱི་ལས་དོན་ཇུས་གཞི》 《དངུལ་སྤྲོད་ལས་སྟེགས་ཆེ་གྲས་ཁེ་ལས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ། དངུལ་སྤྲོད་དང་དངུལ་རྩའི་ཚན་རྩལ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལས་དོན་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད།
     ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། གྲངས་གཞིའི་རྨང་གཞིའི་ལམ་ལུགས་འཛུགས་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་དང་སྤྱི་ཡོངས་བདེ་འཇགས་དང་འབྲེལ་བ་ཡོད་པ་ཞིག་ཡིན། དེས་ན་རྒྱལ་ཁབ་ཀྱི་གྲངས་གཞིའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། མི་སྒེར་གྱི་ཆ་འཕྲིན་དང་ཚོང་ལས་ཀྱི་གསང་བ་སྲུང་བ། གྲངས་གཞི་ཕན་འབྲས་ཆེན་པོས་འཁོར་རྒྱུག་བེད་སྤྱོད་དང་ནུས་སྦྱིན་དངོས་ཚན་དཔལ་འབྱོར་ལ་སྐུལ་སྤེལ་གཏོང་བ། གྲངས་གཞིའི་ཐོན་དབང་དང་། འཁོར་རྒྱུག་ཉོ་ཚོང་། ཡོང་འབབ་བགོ་བཤའ། བདེ་འཇགས་བཅོས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གྲངས་གཞིའི་རྨང་གཞིའི་ལམ་ལུགས་མ་ལག་མགྱོགས་མྱུར་འཛུགས་དགོས་པ་དང་། ཏང་ཀྲུང་དབྱང་གིས་སྲིད་འཛིན་ས་ཁོངས་དབྱེ་འབྱེད་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་རྨོངས་ཚོད་ཀྱིས་བྱེད་པ་དང་གོ་རིམ་མེད་པའི་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་ཆོས་ཉིད་དང་ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་། ཚན་རྩལ་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་དམིགས་ཚད་དུ་བྱེད་པ། གསར་གཏོད་བྱེད་སྒོའི་རིགས་ལྟར་གསར་གཏོད་ཀྱི་རིན་ཐང་དང་། ནུས་པ། ལེགས་སྐྱེས་བཅས་ཁྲིད་སྟོན་དུ་བྱེད་པའི་ཚན་རྩལ་ཤེས་ལྡན་པའི་གདེང་འཇོག་མ་ལག་བཙུགས་ནས་མི་ནུས་གང་ཡོད་འདོན་པ་དང་། འདོན་རིགས་གང་ཡོད་སྤྱོད་པ། སྤྱད་པར་གྲུབ་འབྲས་ཐོབ་པ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས། དངུལ་སྤྲོད་དང་དངུལ་རྩའི་ཚན་རྩལ་ལས་སྟེགས་ཆེ་གྲས་ཀྱི་ཁེ་ལས་འབྱུང་གཞིར་ཕྱིར་ལོག་ཐུབ་པར་སྐུལ་འདེད་བཏང་སྟེ། ལྟ་འདོམས་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལམ་ལུགས་ཀྱི་ཞན་ཆ་སེལ་བ། དངུལ་སྤྲོད་དང་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་འགན་ལེན་བྱེད་པ། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་སེལ་བཅས་བྱས་ནས། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་རྒྱལ་ནང་དང་རྒྱལ་སྤྱིར་འཁོར་རྒྱུག་ཐུབ་པར་བྱེད་པ་སོགས་ཐད་སྟེགས་བུའི་ཁེ་ལས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་པར་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཚོགས་འདུར་ཐོན་སྐྱེད་ཀྱི་རྒྱུ་ཆ་གསར་པ་ཡིན་པའི་གྲངས་གཞི་ནི་གྲངས་འཛིན་ཅན་དང་། དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་ཀྱི་རྨང་གཞི་ཡིན་པ་དང་། དེ་ཐོན་སྐྱེད་དང་། བགོ་བཤའ། འགྲོ་རྒྱུག འཛད་སྤྱོད། སྤྱི་ཚོགས་ཞབས་འདེགས་དོ་དམ་སོགས་ལྷུ་ཚིགས་ཁག་ཏུ་མགྱོགས་མྱུར་མཉམ་འདྲེས་བྱུང་ནས་ཐོན་སྐྱེད་བྱེད་སྟངས་དང་། འཚོ་བ་སྐྱེལ་སྟངས། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་བཅས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། རང་རྒྱལ་ལ་གྲངས་གཞིའི་གཞི་ཁྱོན་དང་གྲངས་གཞི་བཀོལ་སྤྱོད་ཀྱི་དགེ་མཚན་ལྡན་ཡོད། ང་ཚོས་གྲངས་གཞིའི་བདེ་འཇགས་བཅའ་ཁྲིམས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དངོས་སུ་འདོན་པར་སྐུལ་འདེད་བཏང་བ་དང་། གྲངས་གཞིའི་གཙོ་རྒྱུ་ཚོང་ར་ཅན་གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པ། གྲངས་གཞི་འགག་རྩའི་གཙོ་རྒྱུས་གཙོ་བོར་བྱས་པའི་གྲངས་འཛིན་དཔལ་འབྱོར་མགྱོགས་མྱུར་འཛུགས་སྐྱོང་བྱས་པར་འཕེལ་རྒྱས་ཡག་པོ་བྱུང་ཡོད། དེས་ན་གྲངས་གཞིའི་ཐོན་དབང་ལམ་ལུགས་བཙུགས་ནས་སྤྱི་པའི་གྲངས་གཞི་དང་། ཁེ་ལས་ཀྱི་གྲངས་གཞི། མི་སྒེར་གྱི་གྲངས་གཞི་བཅས་རིགས་དང་རིམ་པ་ཕྱེ་ནས་དབང་ཆ་གཏན་འཁེལ་དང་དབང་བསྐུར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། གྲངས་གཞིའི་ཐོན་ཁུངས་བདག་འཛིན་དབང་ཆ་དང་། གྲངས་གཞིའི་ཐོན་ཁུངས་ཀྱི་ལས་སྣོན་བཀོལ་སྤྱོད་དབང་ཆ། གྲངས་གཞིའི་ཐོན་རྫས་གཉེར་སྐྱོང་དབང་ཆ་སོགས་ལོགས་སུ་འཛུགས་པའི་ཐོན་དབང་འཁོར་རྒྱུག་ལམ་སྲོལ་འཛུགས་པ། གྲངས་གཞིའི་གཙོ་རྒྱུའི་ཁེ་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ལུགས་དང་མཐུན་ཞིང་ཕན་འབྲས་ཆེ་བའི་གྲངས་གཞིའི་གཙོ་རྒྱུའི་འགྲོ་རྒྱུག་དང་ཉོ་ཚོང་ལམ་ལུགས་འཛུགས་པ་དང་། གྲངས་གཞིའི་བརྒྱུད་རིམ་ཧྲིལ་པོ་སྒྲིག་སྲོལ་དང་མཐུན་ཞིང་ལྟ་འདོམས་ཐུབ་པའི་སྒྲིག་སྲོལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཚད་དང་མཐུན་པའི་གྲངས་གཞི་ཉོ་ཚོང་ཁྲོམ་ར་འཛུགས་དགོས་ཞེས་བསྟན་པ་རེད།
     ཚོགས་འདུར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་རྒྱལ་ཡོངས་ཀྱི་སྲིད་འཛིན་ས་ཁོངས་དབྱེ་བ་དང་ལེགས་སྒྲིག་ལས་དོན་ལ་སྤྱིར་ན་བརྟན་པོ་དང་། གཟབ་ནན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་ཡོད། ཏང་ཀྲུང་དབྱང་གིས་སྲིད་འཛིན་ས་ཁོངས་དབྱེ་བའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། སྲིད་འཛིན་ས་ཁོངས་དབྱེ་བའི་སྒྱུར་བཅོས་གལ་ཆེན་དང་། སྲིད་ཇུས་གལ་ཆེན། ལེགས་སྒྲིག་གལ་ཆེན་བཅས་ལ་ཏང་ཀྲུང་དབྱང་གིས་ཞིབ་འཇུག་བྱས་ནས་ཐབས་ཇུས་གཏན་འབེབས་བྱེད་དགོས། འཐབ་ཇུས་ཀྱི་རང་བཞིན་དང་། བརྒྱུད་རིམ་གྱི་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་དང་། སྲིད་འཛིན་ས་ཁོངས་དབྱེ་བའི་སྤྱིའི་འཆར་འགོད་ཀྱི་བསམ་ཕྱོགས་ལ་ཞིབ་འཇུག་དང་བཟོ་འགོད་བྱེད་པར་སྒྲིག་འཛུགས། སྲིད་འཛིན་ས་ཁོངས་དབྱེ་བའི་ཚན་རིག་གི་རང་བཞིན་དང་། ཚད་ལྡན་གྱི་རང་བཞིན། ནུས་ལྡན་གྱི་རང་བཞིན་བཅས་ཆེ་རུ་བཏང་ནས་སྲིད་འཛིན་ས་ཁོངས་དབྱེ་བ་དང་ལེགས་སྒྲིག་བྱེད་པ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་སྲུང་འཛུགས་སྐྲུན་བཅས་ཀྱི་དགོས་མཁོ་དང་འཚམ་མཐུན་ཡོང་བའི་འགན་ལེན་བྱེད་དགོས། ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་སྔར་ལས་ལྷག་པའི་གནས་བབ་གལ་ཆེན་དུ་བཞག་སྟེ། རང་རྒྱལ་གྱི་སྲིད་འཛིན་ས་ཁོངས་དབྱེ་བའི་ལོ་རྒྱུས་ཉམས་མྱོང་ལ་ཞིབ་འཇུག་གཏིང་ཟབ་དང་། སྲིད་འཛིན་ས་ཁོངས་དབྱེ་བ་དང་མིང་སྒྱུར་སྐབས་གཟབ་གཟབ་གཟེངས་གཟེངས། གང་བྱུང་དུ་ས་མིང་རྙིང་པར་བཟོ་བཅོས་མི་རྒྱག་པ་བཅས་བྱེད་དགོས། སྲིད་འཛིན་ས་ཁོངས་དབྱེ་བ་སྤྱིའི་ཆ་ནས་མུ་མཐུད་བརྟན་པོ་ཡོང་བར་བྱས་ཏེ། དགོས་ངེས་མིན་པར་ལེགས་སྒྲིག་མི་བྱེད་པ་དང་། གཏན་མི་འཁེལ་བར་མི་སྒུལ་བ། གོ་སྐབས་དང་ཆ་རྐྱེན་མི་འཛོམ་པར་སྒྱུར་བཅོས་མི་བྱེད་པ་བཅས་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

  
style="display:none;"