མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་བཞི་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་25ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་6ཚེས་23ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་བཞི་པར་ཞུགས་པ་དང་འབྲེལ། འགོ་བརྗོད་དུ《སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་བཙུགས་ནས་འབོ་གསེར་མཉམ་ལས་ཀྱི་རྒྱང་ལམ་གསར་པ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

ཟླ་6ཚེས་23ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་བཞི་པར་ཞུགས་པ་དང་འབྲེལ། འགོ་བརྗོད་དུ《སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་བཙུགས་ནས་འབོ་གསེར་མཉམ་ལས་ཀྱི་རྒྱང་ལམ་གསར་པ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་བ་རེད། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མཱ་ཧྥུའུ་ས་དང་། པར་ཙིར་གྱི་ཙུང་ཐུང་པོའོ་སུའོ་ན་ལུའོ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི་བཅས་ཞུགས་ཡོད་པ་རེད།
     མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ཤར་མར་ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་གིས་བརྒྱན་པ་དང་འབོ་གསེར་རྒྱལ་ཁབ་ལྔའི་རྒྱལ་དར་གྲལ་སྟར་བསྒྲིགས་ཡོད་པས་འབོ་གསེར་མཚོན་རྟགས་དང་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་སྣང་།
     དགོང་མོའི་ཆུ་ཚོད་བརྒྱད་པ་ཙམ་ལ། འབོ་གསེར་རྒྱལ་ཁབ་ལྔའི་འགོ་ཁྲིད་མི་སྣས“དྲ་ཐོག་མཉམ་པར”བསྐྱོན་རྗེས། དངོས་སུ་མཇལ་འཛོམས་བྱེད་འགོ་ཚུགས།
     ཞི་ཅིན་ཕིང་གིས་ཐོག་མར་དགའ་བསུ་ཞུ་བའི་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས་འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་བལྟ་བ་དང་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ། འབོ་གསེར་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་གྱི་འབོ་གསེར་སྙིང་སྟོབས་མཐའ་འཁྱོངས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལག་གདང་སྦྲེལ་ནས་འགག་སྒྲོལ་དཀའ་སེལ་བྱས་ཡོད། འབོ་གསེར་གྱི་ལམ་སྲོལ་ལས་མཉེན་ཆ་དང་གསོན་ཤུགས་མངོན་པ་དང་འབོ་གསེར་མཉམ་ལས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་དང་གྲུབ་འབྲས་ཐོབ་ཡོད། ཐེངས་འདིའི་མཇལ་འཛོམས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཕྱོགས་གང་དུ་བསྐྱོད་པའི་འགག་རྩའི་ལྷུ་ཚིགས་དང་འཁེལ་ཡོད། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གལ་ཆེན་ཡིན་པའི་འབོ་གསེར་རྒྱལ་ཁབ་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་ཕོད་པ་བྱས་ཏེ་དྲང་སྙོམས་དྲང་བདེན་གྱི་སྐད་ཆ་ཤོད་པ་དང་། རིམས་ནད་ལས་རྣམ་པར་རྒྱལ་བའི་དད་སེམས་བརྟན་དུ་གཏོང་བ། དཔལ་འབྱོར་སླར་གསོའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། འབོ་གསེར་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད། བློ་གྲོས་ལེགས་སྐྱེས་སུ་ཕུལ་ནས་འཛམ་གླིང་ལ་དགེ་མཚན་ལྡན་པའི་སྟོབས་ཤུགས་བརྟན་པོ་ཞིག་ཧུར་ཐག་འདོན་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་འགོ་བརྗོད་དུ《སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་བཙུགས་ནས་འབོ་གསེར་མཉམ་ལས་ཀྱི་རྒྱང་ལམ་གསར་པ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གང་སར་ཁྱབ་བཞིན་ཡོད་པས། མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་བཞིན་ཡོད། ལོ་16རིང་། རྦ་རླབས་འཇིགས་སུ་རུང་བ་དང་ཆར་རླུང་གང་རུང་ལྡང་ཡང་འབོ་གསེར་གྱི་གྲུ་ཆེན་དེས་རླུང་བརྟེན་རླབས་གཤགས་ཀྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། ཕན་ཚུན་སྐུལ་མ་དང་མཉམ་ལས་གཉིས་ཕན་གྱི་མི་ཡུལ་གྱི་བདེན་ལམ་དུ་བསྐྱོད་ཡོད། ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་ང་ཚོས་ཡོང་སའི་ལམ་ལ་ཕྱིར་མིག་བལྟས་ཏེ་འབོ་གསེར་རྒྱལ་ཁབ་ཀྱིས་ཅིའི་ཕྱིར་རྡོག་ཐོན་བྱས་པ་བློ་ལ་བརྟན་པོར་ངེས་དགོས་ལ། མཉམ་དུ་འབྱུང་འགྱུར་ལ་ཕྱོགས་ཏེ་ལག་གདང་སྦྲེལ་ནས་དེ་བས་ཕྱོགས་ཡོངས་དང་། དམ་ཟབ། དངོས་སྒྲུབ། བསྟུན་མཁས་བཅས་ཀྱི་སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་བཙུགས་ནས་ཐུན་མོང་ཐོག་འབོ་གསེར་མཉམ་ལས་ཀྱི་རྒྱང་ལམ་གསར་པ་གཏོད་དགོས་པ་སྟེ།
     གཅིག་ནས་ང་ཚོས་ཕྱར་བ་གྲུ་འདེགས་བྱེད་པ་མཐའ་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་ལ་ལས་དམག་དོན་མནའ་མཐུན་རྒྱ་བསྐྱེད་བཏང་ནས་རྦད་དེ་བདེ་འཇགས་ཡོང་ཐབས་བྱེད་པ་དང་། རྒྱལ་ཁབ་གཞན་ལ་བཙན་པོ་དབང་ཡོད་ཀྱིས་ལངས་ཕྱོགས་གདམ་ག་དང་ཤོག་ཁག་སྒྲིག་ཏུ་བཅུག་ནས་ཕན་ཚུན་འགྲན་རྒོལ་བཟོས་ཏེ་རྒྱལ་ཁབ་གཞན་གྱི་ཁེ་དབང་སྣང་མེད་དུ་བཏང་ནས་ང་ཆེ་ང་བཙན་ཤུགས་ཆེན་སྤེལ་གྱི་ཡོད། གལ་ཏེ་ཉེན་ཁ་དེ་རིགས་མུ་མཐུད་ཆེ་རུ་བཏང་ན་འཛམ་གླིང་དེ་བས་ཟང་ཟིང་དུ་འགྱུར་ངེས་རེད། འབོ་གསེར་རྒྱལ་ཁབ་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། གཞུང་དྲང་སྲུང་སྐྱོང་དང་བཙན་དབང་ལ་ངོ་རྒོལ། དྲང་གཞག་སྲུང་སྐྱོང་དང་བཙན་པོ་ཧམ་ཤེད་ལ་ངོ་རྒོལ། མཐུན་སྒྲིལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་གྱི་རོགས་ཟླ་དང་མཉམ་དུ་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ནས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་ཀྱིས་སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་། རོགས་ཟླ་སྒྲིག་པ་ལས་མནའ་ཞུགས་མི་བྱེད་པ། གཉིས་ཕན་ཡིན་པ་ལས་རྒྱལ་ཕམ་མིན་པ་བཅས་ཀྱི་བདེ་འཇགས་ཀྱི་ལམ་བུ་གསར་པ་ཞིག་ལ་བསྐྱོད་དེ་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་སྣོན་འདོད་ཡོད།
     གཉིས་ནས་ང་ཚོས་མཉམ་ལས་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་དགོས། ཏོག་གསར་གློ་ཚད་རིམས་ནད་དང་ཡུག་རེན་གྱི་ཉམས་ཉེན་གྱི་ཤུགས་རྐྱེན་མཉམ་དུ་ཐོན་པ་ལས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་པ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྡབ་རྡེབ་དང་པོ་ཕོག་ཡོད། ཉམས་ཉེན་ལས་སྒྲིག་ལམ་འཁྲུག་སྲིད་ལ་འཕོ་འགྱུར་ཡང་ཡོང་སྲིད་པས་འགག་རྩ་ནི་ཁ་གཏད་ཇི་ལྟར་གཅོག་པར་ཐུག་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་སྦྲེལ་མཉམ་མཐུད་ཡོང་བར་སྐུལ་འདེད་བཏང་སྟེ་དབུལ་པོ་ཉུང་གཏོང་དང་། ཞིང་ལས། ནུས་རྒྱུ། ཟོག་འགྲེམས་སོགས་ཁྱབ་ཁོངས་ཀྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། གསར་སྤེལ་དངུལ་ཁང་གསར་པ་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་འཕྲལ་སྡོམ་གྲབས་གསོག་གི་བཀོད་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་དངུལ་རྩའི་བདེ་འཇགས་དྲ་བ་དང་འགོག་རགས་བརྟན་དུ་གཏོང་དགོས། འབོ་གསེར་རྒྱལ་ཁབ་ཀྱིས་རྒྱལ་སྒྲོལ་གཏོང་སྤྲོད་དང་ཡིད་རྟོན་རིམ་པ་དཔྱད་བསྡུར་གྱི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ཚོང་དོན་དང་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་གྱི་རོགས་ཟླ་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་སླར་ཡང་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་པ་བཅས་བྱས་ཏེ་དེ་བས་ཤུགས་ཆེ་བ་དང་། ལྗང་མདོག སྐྱོན་བྲལ་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད།
     གསུམ་ནས་ང་ཚོས་གསར་འབྱེད་གསར་གཏོད་མཐའ་འཁྱོངས་བྱས་ནས་མཉམ་ལས་ཀྱི་གཏིང་ཤུགས་དང་གསོན་ཤུགས་འདོན་སྤེལ་བྱེད་དགོས། ཚན་རྩལ་སྒེར་སྡེམ་དང་། བཀག་སྡོམ། བཀག་རྒྱ་བཅས་བྱེད་པར་བརྟེན་ནས་རྒྱལ་ཁབ་གཞན་གྱི་གསར་གཏོད་དང་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ་དང་རང་ངོས་ཀྱི་བཙན་དབང་གནས་བབ་སྲུང་སྐྱོང་བྱེད་པའི་རེ་ངན་འཆང་མཁན་མཐར་ཕམ་ངེས་རེད། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཚན་རྩལ་གྱི་གྲུབ་འབྲས་མི་དེ་བས་མང་བས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བ་གང་མགྱོགས་བཙུགས་ནས་གྲངས་འཛིན་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་སྒྲོམ་གཞི་ཆགས་པ་དང་བཟོ་སྐྲུན་ལས་རིགས་ཀྱི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་མཉམ་ལས་ཀྱི་གྲོས་འགོ་ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཁབ་ལྔས་ཐོན་ལས་སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པར་ལམ་བུ་གསར་པ་གཏོད་དགོས། གྲངས་འཛིན་དུས་རབས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོར་དམིགས་ཏེ་ལས་རིགས་སློབ་གསོའི་མནའ་འབྲེལ་བཙུགས་ནས་གསར་གཏོད་ལས་གཏོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་ཤེས་ལྡན་མི་སྣའི་མཛོད་འཛུགས་དགོས།
     བཞི་ནས་ང་ཚོས་སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་ཀྱིས་མཉམ་སྡེབ་ཀྱི་བློ་གྲོས་དང་སྟོབས་ཤུགས་གོང་བུར་བསྒྲིལ་དགོས། འབོ་གསེར་རྒྱལ་ཁབ་ནི་སྒོ་རྒྱག་གི་འདུ་ཚོགས་ཁང་ཞིག་མིན་ལ། ཟུར་འབུད་ཀྱི“འཁོར་རྒྱ་ཆུང་ངུ”ཞིག་ཀྱང་མིན་པར་ཕན་ཚུན་ལྟ་སྐྱོང་བྱེད་མཁན་ཁྱིམ་ཚང་ཆེ་མོ་དང་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་ཡག་པོ་ཞིག་རེད། ལོ་ལྔའི་རིང་ང་ཚོས་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་། ཚན་རྩལ་གསར་གཏོད། མི་ཆོས་རིག་གནས་སྤེལ་རེས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་སུ་ཕུན་སུམ་ཚོགས་པའི“འབོ་གསེར+”གྱི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཉམ་ལས་ཀྱི་ལས་སྟེགས་གསར་པ་ཞིག་བཏོད་དེ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལྷོ་ལྷོ་མཉམ་ལས་དང་མཉམ་འབྲེལ་ངང་རང་སྟོབས་འཕེལ་བར་བྱེད་པའི་མིག་དཔེར་གྱུར་ཡོད། དུས་བབ་གསར་པའི་འོག་འབོ་གསེར་རྒྱལ་ཁབ་ཀྱིས་སྒོ་མོ་དེ་བས་རྒྱ་ཆེ་བ་ཕྱེ་ནས་འཕེལ་རྒྱས་དོན་གཉེར་དང་ཁོང་ཡངས་ངང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་ཞུགས་རྒྱལ་ཁབ་མང་དུ་གཏོང་བའི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་འདོད་མཐུན་སེམས་མཐུན་གྱི་རོགས་ཟླ་རྣམས་འབོ་གསེར་ཁྱིམ་ཚང་ཆེ་མོར་སྔ་ཙམ་ཞུགས་ཏེ་འབོ་གསེར་མཉམ་ལས་ལ་གསོན་ཤུགས་གསར་པ་སྣོན་པ་དང་འབོ་གསེར་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་ཡིན་པའི་ང་ཚོས་ལོ་རྒྱུས་འཕེལ་རྒྱས་ཀྱི་འགག་རྩའི་དུས་སུ་ཡང་དག་པའི་གདམ་ག་བྱེད་པ་དང་འགན་འཁུར་བའི་བྱ་སྤྱོད་སྤེལ་རྒྱུ་དེ་ནི་འཛམ་གླིང་གི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། སྟོབས་ཤུགས་གོང་བུར་སྒྲིལ་བ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
     ཚོགས་ཞུགས་འགོ་ཁྲིད་མི་སྣས་ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་གཙོ་གཉེར་བྱས་པ་དང་འབོ་གསེར་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། མིག་སྔའི་གཏན་འཁེལ་མེད་པའི་རང་བཞིན་གྱིས་ཁེངས་པའི་རྒྱལ་སྤྱིའི་དུས་བབ་འོག་འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། འབོ་གསེར་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་དུ་གཏོང་བ། ཐུན་མོང་ཐོག་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་འབོ་གསེར་མཉམ་ལས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱས་ཏེ་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
     རྒྱལ་ཁབ་ལྔ་ཡི་འགོ་ཁྲིད་མི་སྣས“སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་བཙུགས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དུས་རབས་གསར་པ་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་འབོ་གསེར་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་སྐོར་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད། ཚང་མས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དམངས་གཙོ་ཅན་ལ་སྐུལ་འདེད་དང་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ནས་བརྟན་ལྷིང་མེད་པའི་རྒྱལ་སྤྱིའི་དུས་བབ་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་སྣོན་དགོས་པ་དང་། ཐུན་མོང་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་དང་། འབོ་གསེར་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལྟེ་གནས་སོགས་ཀྱི་ལམ་སྲོལ་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། རིམས་འགོག་སྨན་ཁབ་འདྲ་མཉམ་ལུགས་མཐུན་ངང་བགོ་བཤའ་རྒྱག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་པའི་འཕྲོད་བསྟེན་ཉམས་ཉེན་ལ་ཁ་གཏད་གཅོག་པའི་ནུས་པ་ཐུན་མོང་ཐོག་ཆེ་རུ་གཏོང་དགོས་པ། དཔལ་འབྱོར་གྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་རྐྱང་པའི་བཀག་སྡོམ་དང“ཇུས་མེད་ཇུས་གཏོགས”ལ་ངོ་རྒོལ་བྱེད་པ། གྲངས་འཛིན་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ། གོ་ལ་ཧྲིལ་པོ་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་དམིགས་པ། དབུལ་པོ་དང་བཀྲེས་ལྟོགས་སེལ་བ། ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་གཅོག་པ། འཇིག་རྟེན་འཕུར་སྐྱོད་དང་གྲངས་གཞི་ཆེ་མོ་སོགས་ཀྱི་ལག་རྩལ་དག་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སུ་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་གང་མགྱོགས་དོན་འཁྱོལ་བཅས་བྱས་ཏེ་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་དུས་རབས་གསར་པ་ཐུན་མོང་ཐོག་གཏོད་ཆེད་འབོ་གསེར་གྱི་ལེགས་སྐྱེས་འབུལ་དགོས་པ། མི་ཆོས་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཇུས་འདོན་ཚོགས་པ་དང་། སྲིད་ཏང་། སྨྱན་སྦྱོར། ལུས་རྩལ་སོགས་ཁྱབ་ཁོངས་སུ་སྤུས་རྟགས་ཀྱི་རྣམ་གྲངས་དེ་བས་མང་བ་གཏོད་དགོས་པ་བཅས་ཀྱི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད། རྒྱལ་ཁབ་ལྔའི་འགོ་ཁྲིད་མི་སྣས་རིམ་པ་དེ་བས་མང་བ་དང་། ཁྱབ་ཁོངས་དེ་བས་ཆེ་བ། ཁྱབ་རྒྱ་དེ་བས་ཡངས་པ་བཅས་སུ“འབོ་གསེར+”གྱི་མཉམ་ལས་བྱེད་པ་དང་། འབོ་གསེར་གྱི་ཁོངས་ཞུགས་རྒྱལ་ཁབ་མང་དུ་གཏོང་བའི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། འབོ་གསེར་ལམ་སྲོལ་དུས་བསྟུན་འཕེལ་རྒྱས་དང་སྤུས་ཕན་གཉིས་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཏིང་ཟབ་ལ་ཏན་ཏིག་རྒྱང་རིང་གི་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་རྒྱུར་མོས་མཐུན་གནང་བ་རེད།
     མཇལ་འཛོམས་གནང་སྐབས《འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་བཞི་པའི་པེ་ཅིང་གི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་དང་འབྲེལ་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
     ཚོགས་འདུའི་ཐོག་རྒྱལ་ཁབ་ལྔ་པོའི་འགོ་ཁྲིད་མི་སྣས་འབོ་གསེར་གྱི་འབྲེལ་ཡོད་མཉམ་ལས་ལམ་སྲོལ་གྱི་འཐུས་མིའི་ལས་དོན་སྙན་སེང་གསན་པ་རེད།
     ཏིང་ཞུའེ་ཞང་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་མཇལ་འཛོམས་ལ་ཞུགས་པ་རེད།

ཟླ་6ཚེས་23ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་བཞི་པར་ཞུགས་པ་དང་འབྲེལ། འགོ་བརྗོད་དུ《སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་བཙུགས་ནས་འབོ་གསེར་མཉམ་ལས་ཀྱི་རྒྱང་ལམ་གསར་པ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མཱ་ཧྥུའུ་ས་དང་། པར་ཙིར་གྱི་ཙུང་ཐུང་པོའོ་སུའོ་ན་ལུའོ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི་བཅས་ཞུགས་ཡོད་པ།
ཟླ་6ཚེས་23ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་བཞི་པར་ཞུགས་པ་དང་འབྲེལ། འགོ་བརྗོད་དུ《སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་བཙུགས་ནས་འབོ་གསེར་མཉམ་ལས་ཀྱི་རྒྱང་ལམ་གསར་པ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མཱ་ཧྥུའུ་ས་དང་། པར་ཙིར་གྱི་ཙུང་ཐུང་པོའོ་སུའོ་ན་ལུའོ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི་བཅས་ཞུགས་ཡོད་པ།

  
style="display:none;"