མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་31ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས། འདི་ལོའི་ལོ་འགོར་ཁྱེད་ཀྲུང་གོར་ཕེབས་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། ང་ཚོས་མཛའ་བཤེས་ལྡན་པའི་སྤེལ་རེས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད། དེ་རྗེས་རྒྱལ་ཁབ་གཉིས་པོའི་སྡེ་ཚན་ཁག་གིས་འབྲེལ་མཐུད་དང་དོན་འཁྱོལ་ཧུར་ཐག་བྱས་པས་ཕོ་ལན་གྱི་ཞིང་ལས་ཐོན་རྫས་ཀྲུང་གོར་འདྲེན་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གཏོང་བ། མི་སྣ་འགྲོ་འོང་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཕོ་ལན་དབར་གྱི་སྲོལ་རྒྱུན་མཛའ་བཤེས་ལ་མཐོང་ཆེན་བྱས་ནས་ཕོ་ལན་དེ་ཡོ་རོབ་ཀྱི་མཉམ་ལས་རོགས་ཟླ་དང་པོར་བརྩིས་ནས་ཕོ་ལན་ཕྱོགས་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོ་དང་ཕོ་ལན་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་སྲིད་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ལྷན་དང་དཔལ་འབྱོར་ཚོང་དོན་མཉམ་འབྲེལ་ཨུ་ལྷན་སོགས་ཀྱི་ལམ་སྲོལ་ལ་བརྟེན་ནས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ། དཔལ་འབྱོར་ཚོང་དོན་དང་ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལྗང་མདོག་འཕེལ་རྒྱས་དང་གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་པ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་གྱི་ཐོན་རྫས་སྤུས་ལེགས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཕོ་ལན་དུ་མ་འཇོག་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན།
    ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་སྔ་ཙམ་དོན་འཁྱོལ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་མཉམ་ལས་བྱས་ནས་ལོ་10འཁོར་བའི་འབྲེལ་ཡོད་བྱེད་སྒོ་གྲབས་འཛུགས་ཡག་པོ་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་རྗེས་མའི་ལོ་བཅུའི་མཉམ་ལས་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་ཕྱོགས་ཡོངས་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
    ཏུའུ་ཏ་ཡིས། འདི་ལོའི་ཟླ་གཉིས་པར་རང་ཉིད་ཀྲུང་གོར་ཡོང་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། ཁྱེད་དང་མཇལ་འཛོམས་ཀྱང་ཡག་པོ་ཞིག་བྱུང་བས་ད་ལྟའང་བློ་ལ་ལྷང་ངེར་དྲན་གྱི་འདུག ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནའང་ང་ཚོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་དང་ནུས་པར་ཚད་མཐོའི་མཐོང་ཆེན་དང་། ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། ཟོག་འགྲེམས། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཕོ་ལན་དུ་མ་འཇོག་མཉམ་ལས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཕོ་ལན་ཕྱོགས་ཀྱིས་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་དང་། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།

  
style="display:none;"