མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2022ལོའི་རྒྱལ་སྤྱིའི་ཞི་བདེའི་ཉིན་མོའི་དྲན་གསོའི་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་23ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་21ཉིན། 2022ལོའི་རྒྱལ་སྤྱིའི་ཞི་བདེའི་ཉིན་མོའི་དྲན་གསོའི་བྱེད་སྒོ་པེ་ཅིང་དུ་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲན་གསོའི་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
   ཞི་ཅིན་ཕིང་གིས། མིག་སྔར་རྒྱལ་སྤྱིའི་བདེ་འཇགས་དུས་བབ་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་ནས་འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་ཆེ་བའི་དུས་སྐབས་གསར་པར་སླེབས་ཡོད། ལོ་རྒྱུས་ཀྱི་འགག་རྩའི་དུས་འདིར་ངས་གོ་ལ་ཧྲིལ་པོའི་བདེ་འཇགས་སྐོར་གྱི་གྲོས་འགོ་ཞིག་བཏོན་ཏེ། རྒྱལ་ཁབ་ཁག་ལ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་། རྒྱལ་ཁབ་ཁག་གིས་བདེ་འཇགས་ལ་ལུགས་དང་མཐུན་པའི་སྒོ་ནས་དོ་ཁུར་བྱེད་པར་མཐོང་ཆེན་བཅས་བྱས་ཏེ། གླེང་མོལ་དང་གྲོས་མོལ་གྱི་ཐབས་ལ་བརྟེན་ནས་རྒྱལ་ཁབ་དབར་གྱི་འགལ་བ་དང་རྩོད་གཞི་སེལ་བ་དང་། ཞི་བདེ་སྲུང་སྐྱོང་གི་འགན་འཁྲི་མཉམ་དུ་འཁུར་བ། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་མཉམ་དུ་སྐྱོད་པ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
    ཞི་ཅིན་ཕིང་གིས། འདི་ལོའི་དྲན་གསོའི་བྱེད་སྒོས“གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་ལག་ལེན་བསྟར། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་སྙིང་དོན་དང་མཐུན་པར་བྱས་ཡོད། སླད་ཕྱིན་དྲན་གསོའི་བྱེད་སྒོས་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"