མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཅ་མེ་ཁའི་ཙུང་ཏུའུ་ཨའེ་ལུན་གྱིས་ཀྲུང་གོ་དང་ཅ་མེ་ཁའི་དབར་ཕྱི་འབྲེལ་བཙུགས་ནས་
ལོ་ངོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་23ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅ་མེ་ཁའི་ཙུང་ཏུའུ་ཨའེ་ལུན་གྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས། ཅ་མེ་ཁ་ནི་དབྱིན་ཡིག་གི་ཅ་ལེ་པི་ས་ཁུལ་གྱི་ཀྲུང་གོ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50ཡི་རིང་ཀྲུང་གོ་དང་ཅ་མེ་ཁའི་དབར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། མི་དམངས་དབར་གྱི་མཛའ་གྲོགས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཀྲུང་གོ་དང་ཅ་མེ་ཁ་ཕན་ཚུན་ལྟ་སྐྱོང་དང་ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ངས་ཀྲུང་གོ་དང་ཅ་མེ་ཁའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཏུའུ་ཨའེ་ལུན་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་འགོ་འཛུགས་ས་གསར་པར་བརྩིས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ཀྲུང་གོ་དང་ཅ་མེ་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཐུན་མོང་ཐོག་ཁྲིད་སྟོན་བྱས་ཏེ་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཅ་མེ་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
    ཨའེ་ལུན་གྱིས། ཕྱི་འབྲེལ་བཙུགས་ཚུན། ཅ་མེ་ཁ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་མུ་མཐུད་འཕེལ་རྒྱས་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་ནི་མི་རྣམས་དགའ་བ་སྐྱེ་འོས་པ་ཞིག་ཡོད། ཅ་མེ་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཅ་མེ་ཁའི་ཙུང་ལི་ཧོར་ཉི་སིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ཞིང་། ལི་ཁེ་ཆང་གིས་ཅ་མེ་ཁ་ནི་ཅ་ལེ་པི་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཅ་མེ་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཅ་མེ་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
    ཧོར་ཉི་སིས། ཀྲུང་གོ་ཕྱོགས་ཀྱིས་ཅ་མེ་ཁའི་དཔལ་འབྱོར་འཕར་བ་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཅ་མེ་ཁ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་ཕྱོགས་གཉིས་པོའི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཅ་མེ་ཁ་དང་ཀྲུང་གོའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།