མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་22ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་དང་འཇར་མན་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་རེད་ལ། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་ཁྲོད་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཀྱང་རེད། ཀྲུང་གོ་དང་འཇར་མན་གྱི་འགོ་ཁྲིད་མི་རབས་ཁ་ཤས་ཀྱི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་སྤྱི་ཡོངས་ནས་མདུན་ཕྱོགས་དང་ལེགས་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་ཐུབ་སྟེ་རྒྱལ་ཁབ་གཉིས་པོ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླར་གྱུར་ཡོད། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་དམངས་འདོད་ཀྱི་རྨང་གཞི་བརྟན་པ་དང་ཐུན་མོང་གི་ཁེ་ཕན་དང་ཕུན་སུམ་ཚོགས་པའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་རྒྱ་ཁྱབ་ལྡན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཚེ། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ངེས་པར་དུ་ཡང་དག་དང་། བརྟན་པོ། རྒྱང་རིང་བཅས་སུ་སྐྱོད་ཐུབ་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བར་འབྱུང་འགྱུར་གྲུབ་འབྲས་ཐོབ་པའི་ལོ་50བཏོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་དུས་མཚམས་རྗེས་མའི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་དགོངས་འཆར་གསུམ་བཏོན་གནང་བ་སྟེ།
     གཅིག ཕྱོགས་གཉིས་པོས་ཡང་དག་པའི་གཞི་རྩའི་ངོས་འཛིན་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་དང་འཇར་མན་ནི་ཐོག་མཐའ་བར་གསུམ་དུ་གླེང་མོལ་གྱི་རོགས་ཟླ་དང་། འཕེལ་རྒྱས་ཀྱི་རོགས་ཟླ། མཉམ་ལས་ཀྱི་རོགས་ཟླ། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པའི་རོགས་ཟླ་བཅས་ཡིན། ཕྱོགས་གཉིས་པོས་མུ་མཐུད་སྐད་ཆ་ཤོད་རེས་བརྒྱུད་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་རྒྱ་ཆེར་གཏོང་བ་དང་དགེ་མཚན་ལྡན་པའི་རྣམ་འགྱུར་ཐད་ནས་འགལ་ཟླ་དོ་དམ་ཚོད་འཛིན་བྱས་ཏེ་རོགས་ཟླའི་འབྲེལ་བའི་ནང་དོན་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་དགོས།
     གཉིས། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་དངོས་གཉེར་སྒོ་དབྱེ་ནི་ཕྱོགས་གཉིས་པོའི་འབྲེལ་བའི་ཁྲོད་མཐའ་འཁྱོངས་བྱེད་དགོས་པའི་ཁྱད་ཆོས་གལ་ཆེན་ཞིག་རེད། འདས་ཟིན་པའི་ལོ་50ཡི་ནང་ཀྲུང་གོ་དང་འཇར་མན་གྱི་ཚོང་དོན་གྲངས་འབོར་ལྡབ་870འཕར་ཡོད། ཕྱོགས་གཉིས་པོས་ཐོབ་པར་དཀའ་བའི་མཉམ་ལས་གྲུབ་འབྲས་ལ་གཅེས་སྤྲས་བྱས་ནས་ཁྲོམ་ར་དང་། མ་རྩ། ལག་རྩལ་བཅས་ཀྱི་ལེགས་ཆ་གསབ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རླངས་འཁོར་དང་། འཕྲུལ་ཆས། རྫས་འགྱུར་བཟོ་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ཞབས་ཞུའི་ཚོང་དོན་དང་། རིག་ནུས་བཟོ་སྐྲུན། གྲངས་འཛིན་ཅན་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་མ་འཇོག་བྱེད་མཁན་འཇར་མན་གྱི་ཁེ་ལས་ལ་ལྟ་སྟངས་གཅིག་མཚུངས་འཛིན་རྒྱུ་ཡིན་ལ། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་འཇར་མན་དུ་མ་འཇོག་བྱ་རྒྱུར་དྲང་གཞག་དང་། ཁ་གསལ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད།
     གསུམ། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱ་རྒྱུ་དེ་ནི་ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པའི་ཁ་ཕྱོགས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་འཐབ་ཇུས་རང་བརྟེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ནི་ཕན་ཚུན་འཐབ་ཇུས་རོགས་ཟླ་ཞིག་ཡིན་པའི་གཞི་རྩའི་ངེས་གནས་མཐའ་འཁྱོངས་དང་། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསྟུན་མཁས། དངོས་གཉེར་མཉམ་ལས། གཉིས་ཁེ་གཉིས་ཕན་བཅས་མཐའ་འཁྱོངས། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་ཐད་ཁ་གཏད་དུ་མི་ལངས་པ་དང་། རྒྱབ་རྟེན་མི་བཅོལ་བ། ཕྱོགས་གསུམ་པའི་ཚོད་འཛིན་མི་ཕོག་པ་བཅས་མཐའ་འཁྱོངས་བྱེད་དགོས། འཇར་མན་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
     ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་རིམས་ནད་རྗེས་ཀྱི་དུས་སྐབས་སུ་དཔལ་འབྱོར་སླར་གསོ་འགོར་བ་དང་། གནམ་གཤིས་ཀྱི་འགྱུར་ལྡོག འབྲུ་རིགས་ཀྱི་ཉམས་ཉེན། ནུས་རྒྱུའི་ཉམས་ཉེན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐད་དེ་བས་རྒྱ་ཁྱབ་དང་གཏིང་ཟབ་ཀྱི་མཉམ་ལས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཧྲི་ཐའེ་དབྱིན་མེར་གྱིས། ལོ་མཇུག་ཏུ་སླེབས་ཉེའི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞལ་པར་ནས་བཀལ་མོལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངས་ལོ་བཞིའི་གོང་ཀྲུང་གོར་འཚམས་འདྲི་བྱས་པའི་གནས་ཚུལ་ད་ལྟའང་གསལ་པོར་དྲན་གྱི་འདུག འདི་ལོ་རྒྱལ་སྤྱིའི་དུས་བབ་ལ་རྒྱུན་གཏན་མིན་པའི་འགྱུར་ལྡོག་བྱུང་ཡོད་ལ་འཇར་མན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་ཡོད། ལོ་ངོ་50ཡི་རིང་། འཇར་མན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཉིན་བཞིན་ཟབ་ཏུ་ཕྱིན་པ་མ་ཟད། ནང་དོན་རྒྱ་ཁྱབ་དང་ཕུན་སུམ་ཚོགས་སུ་ཕྱིན་པ་དང་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། འཇར་མན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འདས་ཟིན་པའི་ལོ་ཟླར་ནན་ཏན་ངང་ཕྱིར་མིག་ལྟ་བ་དང་ཕྱོགས་སྡོམ་བྱེད་པ་དང་། འབྱུང་འགྱུར་འཆར་འགོད་དང་རྒྱང་ལྟ་བྱེད་པ། ཕན་ཚུན་བརྩི་འཇོག་དང་སྒོ་དབྱེ་བསྟུན་མཁས་ཀྱི་སྙིང་སྟོབས་འཆང་བ་བཅས་བྱས་ནས་འཇར་མན་དང་ཀྲུང་གོའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད། འབྱུང་འགྱུར་གྱི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་ང་རང་ཡིད་ཆེས་ཀྱིས་ཁེངས་ནས་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འགྲོ་འོང་དང་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་རེས་སྐོར་གསར་པའི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་གྲོས་མོལ་བྱས་ཏེ་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ཟབ་ཏུ་གཏོང་བ་དང་། ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་གྲོས་བསྡུར་དང་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། ནུས་རྒྱུའི་ཉམས་ཉེན། འབྲུ་རིགས་ཀྱི་ཉམས་ཉེན། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐུན་མོང་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས《སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ཐུགས་གྲ་ལེགས་འགྲིག་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཕྱོགས་གཉིས་པོས་ད་དུང་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་འདུམ་འགྲིག་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་འདོད་ཚུལ་མཐའ་འཁྱོངས་བྱས་ནས་ཉེན་ཁ་ཡུན་རིང་གནས་པ་དང་རྙོག་འཛིང་ཆེ་རུ་ཕྱིན་ན་ཕྱོགས་ཁག་གི་ཁེ་ཕན་ལ་ཕན་ཐོགས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཡོ་རོབ་ཕྱོགས་ཀྱིས་འཐབ་ཇུས་རང་བརྟེན་མངོན་པར་བྱས་ནས་དོ་མཉམ་དང་། གོ་ཆོད། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་བསྐྲུན་པར་སྣེ་ཁྲིད་བྱས་ཏེ་ཡོ་རོབ་ཀྱི་སྐམ་ས་ཆེན་པོ་ཡུན་རིང་ཞི་བདེ་དང་ཡུན་རིང་བདེ་འཁོད་ཡོང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།