མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་སྤྱི་ཁྱབ་ཙུང་ཏུའུ་ཧོར་ལི་དང་ཙུང་ལི་ཨར་པ་ཉི་སི་དང་ཀྲུང་ཨོའི་དབར་
ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་23ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་སྤྱི་ཁྱབ་ཙུང་ཏུའུ་ཧོར་ལི་དང་ཙུང་ལི་ཨར་པ་ཉི་སི་དང་ཀྲུང་ཨོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ། ལི་ཁེ་ཆང་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དབར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ཏུའུ་ཧོར་ལི་དང་ཙུང་ལི་ཨར་པ་ཉི་སི་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་པས་ཀྲུང་ཨོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་ཡོད། ངས་ཀྲུང་ཨོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བྱས་ནས་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཀྲུང་ཨོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
     ཧོར་ལིས། ལོ་ངོ་50ཡི་གོང་གི་ལོ་རྒྱུས་རང་བཞིན་གྱི་གཏན་འབེབས་ལས་ཨོ་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་བར་ལམ་བཟང་བཏོད་དེ་རྒྱལ་ཁབ་གཉིས་པོར་དཔལ་འབྱོར་འཕར་བ་དང་གོ་སྐབས་བསྐྲུན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་ལ་བརྩི་སྲུང་ཞུས་ནས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་གྱི་སྙིང་སྟོབས་ལ་གཞིགས་ཏེ་ཀྲུང་གོ་དང་བརྟན་ལྷིང་དགེ་མཚན་ལྡན་པའི་འབྲེལ་བ་གོང་འཕེལ་གཏོང་བར་གཞོལ་རྒྱུ་ཡིན་ཞེས་གསུངས་པ་རེད།
     དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ཞིང་། ལི་ཁེ་ཆང་གིས། ཀྲུང་ཨོ་ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བྱས་ཏེ་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་བཏང་སྟེ་ཀྲུང་ཨོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཨར་པ་ཉི་སིས། 1972ལོར་ཙུང་ལི་ཧུའེ་ཐེ་ལ་མུའུ་ཡིས་འགོ་ཁྲིད་གནང་བའི་ཨོ་སི་ཁྲུ་ལི་ཡའི་བཟོ་པའི་ཏང་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་འབྲེལ་འཛུགས་རྒྱུའི་ཐག་བཅད་པར་བློ་སྟོབས་དང་གཟིགས་རྒྱང་རིང་པོ་དགོས་ཀྱི་རེད། ཐག་གཅོད་ཡང་དག་པ་འདིས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཤུགས་ཆེན་དང་། རྒྱུན་སྲིང་། གཉིས་ཕན་བཅས་ཀྱི་འབྲེལ་བར་ལམ་བུ་བཏིང་ཡོད། ཨོ་ཀྲུང་འབྲེལ་བ་བརྟན་པོ་འདི་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་པ་ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ངས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཨོ་ཀྲུང་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།