མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧང་ག་རིའི་ཧང་ཀྲུང་སྐད་གཉིས་སློབ་གྲྭའི་སློབ་མར་འཕྲིན་ལན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་02ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིའི་ཧང་ཀྲུང་སྐད་གཉིས་སློབ་གྲྭའི་སློབ་མར་འཕྲིན་ལན་སྤྲིངས་ནས་ཧང་ག་རིའི་གཞོན་ནུ་ལོ་ཆུང་ཚོས་ཀྲུང་གོ་ཤེས་རྟོཌ་དེ་བས་མང་བ་བྱས་ནས་ཀྲུང་གོ་དང་ཧང་ག་རིའི་མཛའ་གྲོཌ་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་མཁན་ཕོ་ཉ་ཞིག་བྱ་རྒྱུའི་ལྕག་སྐུལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ཆུ་ཡོས་ལོའི་དཔྱིད་གསར་དུས་ཆེན་སྐབས་ཁྱེད་ཚོའི་འཕྲིན་ཡིག་འབྱོར་བར་ང་དང་བཟའ་ཟླ་ཧ་ཅང་དགའ་པོ་བྱུང་། 2009ལོར་ཧང་ཀྲུང་སྐད་གཉིས་སློབ་གྲྭར་དགེ་སློབ་ཚོ་དང་སྤེལ་རེས་བྱས་པའི་གནས་ཚུལ་དྲན་གྱི་འདུག ཁྱེད་ཚོས་དུས་ཡུན་རིང་པོའི་ནང་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཀྲུང་གོ་དང་ཧང་ག་རིའི་མཛའ་གྲོགས་ཆེད་ལེགས་སྐྱེས་འབུལ་རྒྱུའི་སེམས་ཐག་བཅད་པ་ཤེས་བྱུང་བས་ཁྱེད་ཚོར་བསྔགས་བརྗོད་ཞུ་རྒྱུ་ཡིན།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧང་ག་རིར་ཡུན་རིང་གི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་རིག་གནས་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ཁྱེད་ཚོ་མཐོ་རིམ་སློབ་འབྲིང་ཐོན་རྗེས་ཀྲུང་གོར་སློབ་ཆེན་འགྲིམ་པར་ཡོང་བར་དགའ་བསུ་ཞུ་གི་ཡིན་ལ་རྒྱ་ཡིག་སྦྱོང་བར་དགའ་པོ་བྱེད་མཁན་ཧང་ག་རིའི་གཞོན་ནུ་ལོ་ཆུང་ཇེ་མང་དུ་ཕྱིན་ནས་གོ་སྐབས་བྱུང་ཚེ་ཀྲུང་གོར་ཡོང་སྟེ་དེང་སྐབས་ཀྱི་ཀྲུང་གོ་དང་ཀྲུང་གོའི་ལོ་རྒྱུས་རིག་གནས་ལ་དེ་བས་ཤེས་རྟོགས་བྱས་ཏེ་ཀྲུང་གོ་དང་ཧང་ག་རིའི་མཛའ་གྲོགས་ཀྱི་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་མཁན་ཕོ་ཉ་ཞིག་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ཧང་ཀྲུང་སྐད་གཉིས་སློབ་གྲྭ་2004ལོའི་ཟླ་9པར་བཙུགས་པ་དང་དེ་ནི་ཡོ་རོབ་དབུས་ཤར་ས་ཁུལ་གྱི་རྒྱ་ཡིག་དང་གནས་སའི་རྒྱལ་ཁབ་ཀྱི་སྐད་ཡིག་ནས་སློབ་ཁྲིད་བྱེད་པའི་གཞུང་བཙུགས་ཀྱི་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭ་གཅིག་པུ་དེ་ཡིན་པ་དང་། ད་ཆ་ལོ་རིམ་12ཀྱི་འཛིན་གྲྭ་20དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་530ལྷག་ཙམ་ཡོད་པ་རེད། 2009ལོའི་ཟླ་10པར། སྐབས་དེ་དུས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་བཞིན་པའི་ཞི་ཅིན་ཕིང་གིས་ཧང་ག་རིར་འཚམས་འདྲི་གནང་རིང་། ཧང་ཀྲུང་སྐད་གཉིས་སློབ་གྲྭར་རྟོག་ཞིབ་གནང་བར་ཕེབས་པ་རེད། འདི་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུར་དུ་སློབ་གྲྭ་དེའི་སློབ་མ་ཧུའུ་ལིང་གཡོད་དང་སུང་ཀྲི་ཤའོ་ཡིས་སློབ་གྲྭ་ཡོངས་ཀྱི་སློབ་མའི་ཚབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་དགེ་རྒན་ཆེ་མོ་བ་ཡིན་པའི་སྐུ་ཟླ་ཕེང་ལི་ཡོན་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོའི་ཡུལ་སྲོལ་གོམས་གཤིས་ལྟར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། སློབ་གྲྭར་རྒྱ་ཡིག་སློབ་སྦྱོང་ལོ་12བྱས་པའི་མྱོང་ཚོར་གླེང་ནས་སླད་ཕྱིན་ཀྲུང་གོའི་སློབ་ཆེན་དུ་བསྐྱོད་དེ་ཧང་ཀྲུང་གི་མཛའ་གྲོགས་ལ་ལེགས་སྐྱེས་འབུལ་འདོད་ཡོད་ལུགས་ཞུས་པ་རེད།