མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་
གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་27ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་
གཙོ་སྐྱོང་གནང་བ།

   ཞི་ཅིན་ཕིང་གིས་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཕུགས་ལ་དམིགས་པ་དང་། འཕེལ་ཕྱོགས་ཆེན་པོ་སྟངས་འཛིན། ཡོངས་བསྒྲགས་ཇུས་འདྲི། བློ་བསྡུས་དགེ་འཚོལ་བཅས་ཀྱི་སྒོ་ནས་གནས་ཚུལ་གསར་པར་ཞིབ་འཇུག་བྱེད་པ་དང་འཆར་འགོད་གསར་པ་འདིང་དགོས་པའི་ནན་བཤད་གནང་བ།
   ■ རྩོད་སྒྲུབ་ཀྱི་བསམ་གཞིག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་གོ་སྐབས་གསར་པ་དང་འགྲན་སློང་གསར་པར་ལྟ་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་ཟླ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། འགྱུར་ལྡོག་ལ་ངོས་འཛིན་གནད་འཁེལ། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རང་འགུལ་ངང་འགྱུར་ལྡོག་བརྩོན་པ། དཀའ་ངལ་དང་ཉེན་ཁ་ལས་སྒྲོལ་ཕོད་པ། ཉམས་ཉེན་གོ་སྐབས་སུ་སྒྱུར་མཁས་པ་བཅས་བྱས་ཏེ། སྤུས་ཚད་དེ་བས་ལེགས་པ་དང་། ལས་ཕྱོད་དེ་བས་ཆེ་བ། དྲང་གཞག་དེ་བས་ལྡན་པ། རྒྱུན་མཐུད་དེ་བས་ཐུབ་པ། བདེ་འཇགས་དེ་བས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ཧུར་ཐག་ཡོང་བར་བྱེད་དགོས།
   ■ རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱེད་པ་གཙོར་བཟུང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་དང་། ཁོར་ཡུག ཆ་རྐྱེན་བཅས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་བཏོན་པ་ཞིག་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་བསྐྱར་སྒྲིག་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། 
   ■ ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་དགོས། སྤུས་ཚད་ལེགས་པའི་འཕེལ་རྒྱས་ངེས་པར་དུ་གསར་གཏོད་ཀྱི་སྐུལ་སྤེལ་ལ་བརྟེན་པའི་ནང་དོན་རྣམ་པའི་འཕར་སྣོན་མངོན་འགྱུར་བྱེད་དགོས་ལ། རང་བརྟེན་གསར་གཏོད་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ནས་འགག་རྩ་དང་ལྟེ་བའི་ལག་རྩལ་ལ་ཚད་བརྒལ་གང་མགྱོགས་བྱེད་དགོས།
   ■ སྒྱུར་བཅོས་གཏིང་ཟབ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས། རང་རྒྱལ་གྱི་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་པ་དང་བསྟུན་ནས། སྒྱུར་བཅོས་ལ་ཡང་ལས་འགན་གསར་པ་ཕྲད་པས། ངེས་པར་དུ་བློ་སྟོབས་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་མང་བ་སྤྱད་དེ་གདིང་རྩའི་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་སེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། 
   ■ ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གཏོད་དགོས། རྒྱལ་སྤྱིའི་དཔལ་འབྱོར་སྦྲེལ་མཐུད་དང་འགྲོ་འོང་བྱེད་པ་ནི་སྔར་བཞིན་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དངོས་ཡོད་ཀྱི་བླང་བྱ་ཞིག་རེད། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གལ་ཆེན་ཞིག་ནི་ཕྱི་ཕྱོགས་སྒོ་དབྱེ་རེད་ལ། ཕྱི་ཕྱོགས་སྒོ་དབྱེ་ནི་གཞི་རྩའི་རྒྱལ་ཇུས་རེད། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་བཏོད་དེ། རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་ཆགས་པ་བཅས་བྱེད་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་24ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཆབས་ཅིག་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
   བཞུགས་མོལ་ཚོགས་འདུའི་ཐོག པེ་ཅིང་སློབ་ཆེན་གྱི་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང་གི་མཚན་འཛིན་ཡོན་ཀྲང་ལིན་དབྱི་ཧྥུའུ་དང་། ཀྲུང་གོའི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྥན་ཀང་། ཆིང་ཧྭ་སློབ་ཆེན་གྱི་སྤྱི་པའི་དོ་དམ་སློབ་གླིང་གི་ཡོན་ཀྲང་ཅང་ཞའོ་ཅོན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཚའེ་ཧྥང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་ཁྲང་ལིན། ཆིང་ཧྭ་སློབ་ཆེན་གྱི་རྒྱལ་ཁབ་དངུལ་རྩ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲུའུ་མིན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་ཨན་ཐའེ་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ལུའུ་མིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུས་ཡན། ཤང་ཀང་རྒྱ་ཡིག་སློབ་ཆེན(ཧྲེན་ཀྲེན)གྱི་གོ་ལ་ཧྲིལ་པོ་དང་དེང་རབས་ཀྲུང་གོ་མཐོ་རིམ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲེང་ཡུང་ཉན་སོགས་རིགས་གཅིག་མཁས་ཅན་གྱི་འཐུས་མི་9ཡིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
   ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས“རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་གཏམ་བཤད་ཡག་པོ་གནང་སོང་ལ། རང་སོ་སོའི་ཆེད་ལས་ཁྱབ་ཁོངས་ནས་འགོ་བརྩམས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་ཁོར་ཡུག་དང་། བསམ་ཕྱོགས། ལས་འགན། བྱ་ཐབས་བཅས་ཀྱི་ཐད་རིན་ཐང་ཆེན་པོ་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་གནང་སོང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་གཞན་དག་གིས་ཀྱང་ཡིག་ཐོག་སྙན་ཞུ་ཕུལ་ཡོད་པས། འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་དང་བསྡུ་ལེན་བྱེད་རོགས་ཞེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་བསྟན་དོན། རྩོད་སྒྲུབ་ཀྱི་བསམ་གཞིག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་གོ་སྐབས་གསར་པ་དང་འགྲན་སློང་གསར་པར་ལྟ་དགོས། དེང་གི་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཤུགས་ཆེན་མཆེད་པ་དེས་འགྱུར་ལྡོག་ཆེན་པོ་འདི་སྔར་བས་མགྱོགས་སུ་ཕྱིན་ནས། རྒྱལ་སྤྱིའི་དཔལ་འབྱོར་དང་། ཚན་རྩལ། རིག་གནས། བདེ་འཇགས། ཆབ་སྲིད་སོགས་ཀྱི་རྣམ་པར་ལེགས་སྒྲིག་གཏིང་ཟབ་འབྱུང་བཞིན་ཡོད། རྒྱལ་ནང་གི་འཕེལ་རྒྱས་ཁོར་ཡུག་ལ་ཡང་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་དེ། རང་རྒྱལ་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཤིང་། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་ཟླ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། འགྱུར་ལྡོག་ལ་ངོས་འཛིན་གནད་འཁེལ། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རང་འགུལ་ངང་འགྱུར་ལྡོག་བརྩོན་པ། དཀའ་ངལ་དང་ཉེན་ཁ་ལས་སྒྲོལ་ཕོད་པ། ཉམས་ཉེན་གོ་སྐབས་སུ་སྒྱུར་མཁས་པ་བཅས་བྱས་ཏེ། སྤུས་ཚད་དེ་བས་ལེགས་པ་དང་། ལས་ཕྱོད་དེ་བས་ཆེ་བ། དྲང་གཞག་དེ་བས་ལྡན་པ། རྒྱུན་མཐུད་དེ་བས་ཐུབ་པ། བདེ་འཇགས་དེ་བས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ཧུར་ཐག་ཡོང་བར་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱེད་པ་གཙོར་བཟུང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་དང་། ཁོར་ཡུག ཆ་རྐྱེན་བཅས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་བཏོན་པ་ཞིག་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་བསྐྱར་སྒྲིག་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། ང་ཚོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་འཐབ་ཇུས་ཀྱི་ཁ་ཕྱོགས་འདི་མཐའ་འཁྱོངས་བྱེད་པ་དང་། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་འདི་དམ་པོར་བཟུང་སྟེ་ཐོན་སྐྱེད་དང་། བགོ་འགྲེམས། འཁོར་རྒྱུག འཛད་སྤྱོད་བཅས་དེ་བས་མང་བ་རྒྱལ་ནང་གི་ཚོང་རར་རྟེན་པ་དང་། མཁོ་སྤྲོད་མ་ལག་གི་རྒྱལ་ནང་གི་དགོས་མཁོར་འཚམ་པའི་རང་བཞིན་ཆེ་རུ་བཏང་ནས། དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་དང་། མཁོ་སྤྲོད་ཀྱིས་དགོས་མཁོ་གསར་གཏོད་བྱེད་པའི་ཆུ་ཚད་དེ་བས་མཐོ་བའི་འགུལ་རྣམ་དོ་མཉམ་ཆགས་པར་བྱེད་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་དགོས། སྤུས་ཚད་ལེགས་པའི་འཕེལ་རྒྱས་ངེས་པར་དུ་གསར་གཏོད་ཀྱི་སྐུལ་སྤེལ་ལ་བརྟེན་པའི་ནང་དོན་རྣམ་པའི་འཕར་སྣོན་མངོན་འགྱུར་བྱེད་དགོས་ལ། རང་བརྟེན་གསར་གཏོད་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ནས་འགག་རྩ་དང་ལྟེ་བའི་ལག་རྩལ་ལ་ཚད་བརྒལ་གང་མགྱོགས་བྱེད་དགོས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པའི་མངོན་གསལ་དོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་འགག་རྩ་དང་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། ལག་རྩལ་གསར་པ་མགྱོགས་ལ་གཞི་ཁྱོན་ཆེན་པོས་བཀོལ་སྤྱོད་དང་རེས་མོས་རིམ་པ་སྤོར་བར་ཕན་པའི་དམིགས་བསལ་ལེགས་ཆ་གཏོད་པ། ཚན་རྩལ་གྱི་གྲུབ་འབྲས་ཐོན་སྐྱེད་ཀྱི་ནུས་ཤུགས་སུ་མགྱོགས་མྱུར་སྒྱུར་བ་བཅས་བྱས་ཏེ། ཐོན་ལས་འཁོར་འབྲེལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་གཏིང་ཟབ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས། རང་རྒྱལ་གྱི་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་པ་དང་བསྟུན་ནས། སྒྱུར་བཅོས་ལ་ཡང་ལས་འགན་གསར་པ་ཕྲད་པས། ངེས་པར་དུ་བློ་སྟོབས་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་མང་བ་སྤྱད་དེ་གདིང་རྩའི་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་སེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། དྲང་སྲུང་གསར་གཏོད་དང་གསར་འབྱེད་གསར་གཏོད་བྱས་ནས་རང་ཉིད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ལམ་བུ་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གཏོད་དགོས། རྒྱལ་སྤྱིའི་དཔལ་འབྱོར་སྦྲེལ་མཐུད་དང་འགྲོ་འོང་བྱེད་པ་ནི་སྔར་བཞིན་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དངོས་ཡོད་ཀྱི་བླང་བྱ་ཞིག་རེད། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གལ་ཆེན་ཞིག་ནི་ཕྱི་ཕྱོགས་སྒོ་དབྱེ་རེད་ལ། ཕྱི་ཕྱོགས་སྒོ་དབྱེ་ནི་གཞི་རྩའི་རྒྱལ་ཇུས་རེད། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་བཏོད་དེ། རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་ཆགས་པ་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་ཧུར་ཐག་ཞུགས་ཏེ་དེ་བས་གཞུང་དྲང་ལུགས་མཐུན་གྱི་རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས།
   ཞི་ཅིན་ཕིང་གིས། རིགས་པའི་གཞུང་ལུགས་ནི་ལག་ལེན་ལས་བྱུང་བ་དང་། དེས་སླར་ཡང་ལག་ལེན་ལ་མཛུབ་ཁྲིད་བྱེད་ཀྱི་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་། ང་ཚོས་གསོན་ཉམས་ལྡན་པའི་ལག་ལེན་གསར་པར་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་པ་དང་། རིགས་པའི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་དང་། དབང་བའི་ལམ་ལུགས། བགོ་བཤའི་སྒྲིག་སྲོལ། སྲིད་གཞུང་གི་འགན་ནུས། ཁྲོམ་རའི་ལམ་སྲོལ། སྤྱི་ཁོག་སྙོམས་སྒྲིག ཐོན་ལས་གྲུབ་ཆ། ཁེ་ལས་བཅོས་སྐྱོང་གི་གྲུབ་ཆ། དམངས་འཚོ་འགན་ལེན། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གནད་དོན་གལ་ཆེན་ཐད་ཆོད་གཏམ་གལ་ཆེན་མང་པོ་བཏོན་ཡོད། དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་ནི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་སྒུལ་ཤུགས་རེད། དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཕུན་སུམ་ཚོགས་པའི་ལག་ལེན་ནི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ལ་ཞིབ་འཇུག་བྱེད་པའི“གཏེར་སྤུས་ལེགས”ཡིན་པས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པར་ནུས་པ་འདོན་ས་མང་པོ་ཡོད། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་འཛིན་རྒྱུ་མཐའ་འཁྱོངས། དངོས་ཡོད་གནས་ཚུལ་གང་ལེགས་མཚོན་པ། ཕྱི་ཚུལ་བརྒྱུད་ནས་ངོ་བོར་ལྟ་བ། རྒྱལ་སྤྱིའི་མཐོང་རྒྱ་གཏོད་པ་བཅས་བྱས་ནས། རིགས་པའི་གཞུང་ལུགས་དང་སྲིད་ཇུས་གསར་གཏོད་ལ་བརྟེན་ནས་སྔོན་ཐོན་གྱི་རང་བཞིན་དང་ཚན་རིག་གི་རང་བཞིན་གང་ལེགས་མངོན་པར་བྱེད་དགོས་ཞེས་བསྟན་གནང་བ་རེད། 

  
style="display:none;"