མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཤིས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་19ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་10ཚེས་17ཉིན་བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཤིས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།

ཟླ་10ཚེས་17ཉིན་བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཤིས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་17ཉིན་གྱི་སྔ་དྲོར། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཤིས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་མདུན་སྐྱོད་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད་པས། དེ་ནི་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། དུས་རབས་གསར་པའི་རྒྱང་ལམ་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་རེད། དེ་ཡང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་དགོས་ན། འདས་ཟིན་པའི་ལོ་5ཡི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་10ཡི་རིང་གི་འཕོ་འགྱུར་རླབས་པོ་ཆེའི་དོན་སྙིང་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་བརྟན་པོ་ཆུད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ཁོང་དུ་བརྟན་པོ་ཆུད་པ། རང་ངོས་གསར་བརྗེ་རླབས་པོ་ཆེར་བརྟེན་ནས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱེད་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་དར་ཆའི་འོག་སྲ་ཞིང་མཁྲེགས་པའི་ངར་ལྕགས་ལྟ་བུའི་མཐུན་སྒྲིལ་བྱས་ཏེ། བློ་ཁ་གཅིག་ལ་ཕྱོགས་ཤིང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་རྟགས་ཅན་གྱི་གྲུ་ཆེན་གྱིས་རླུང་བརྟེན་རླབས་གཤག་དང་གྲུ་གཡོར་བཀལ་ནས་རྒྱང་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་འཐུས་མི་རྣམས་དང་གྲོས་བསྡུར་གཏིང་ཟབ་གནང་ཞིང་། གྲོས་བསྡུར་གནང་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་རེད། འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་ཀོང་ཤིས་ཀྱི་འཐུས་མི་ཚོགས་པའི་འཐུས་མིའི་ངོས་ནས་གྲོས་བསྡུར་ལ་ཞུགས་རྒྱུ་བྱུང་བར་དགའ་སྤྲོ་ཧ་ཅང་ཆེན་པོ་བྱུང་ཞེས་གསུངས་པ་མ་ཟད། དེར་བཞུགས་པའི་འཐུས་མི་རྣམས་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཡོན་ཁྲི་250ལྷག་ཙམ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་5700ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་འཁེལ་གྱི་ཚོད་བགམ་ནན་པོའི་འོག ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། ཕྱོགས་བསྡུས་སྟོབས་ཤུགས་སྐས་རིམ་གསར་པར་སླེབས་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་བཞིན་ལེགས་སུ་ཕྱིན་པ། ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མཐའ་མཚམས་བདེ་འཇགས་བཅས་བྱུང་ནས། ཀོང་ཤིས་ཀྱི་ས་གཞི་ཆེ་མོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་བྱུང་ཡོད། གྲུབ་འབྲས་འདི་དག་གི་ཐོག་ནས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མེས་རྒྱལ་ལྷོ་ཕྱོགས་སུ་ལེགས་གྲུབ་ལྡན་པའི་སྒོ་ནས་ལག་ལེན་བསྟར་ཐུབ་པ་མཚོན་ཡོད་པ་དང་། དེ་ནི་རང་རྒྱལ་གྱི་དུས་རབས་གསར་པའི་ལོ་བཅུའི་ནང་གི་འཕོ་འགྱུར་རླབས་པོ་ཆེའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་5དང་དུས་རབས་གསར་པ་ཤར་ཚུན་གྱི་ལོ་10ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པ་ཞིག་རེད། ལས་དོན་མ་བསྒྲུབས་དཀའ་བ་མི་ཤེས་ལ། ལྟ་དུས་སླ་ཡང་བསྒྲུབ་པར་ཤིན་ཏུ་དཀའ། ལོ་10འདིའི་རིང་། གྲམ་ཐང་སྒྲོལ་བའི་དཀའ་ངལ་དང་། གྱེན་ལ་འཛེག་པའི་དཀའ་ངལ། འགག་སྒྲོལ་གྱི་དཀའ་གནད་བཅས་འཕྲད་ནའང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་རབ་དང་རིམ་པ་བྱུང་བ་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་ལས་དོན་བཀོད་སྒྲིག་ནི་རྦད་དེ་ཡང་དག་པ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་གོའི་དོན་དངོས་དང་འཚམ་ཞིང་ཀྲུང་གོའི་མི་དམངས་ཀྱི་བསམ་འདུན་མཚོན་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བཅས་ཡིན་པ་ལག་ལེན་དངོས་ལས་ར་སྤྲོད་ཐུབ་པས། དེ་ནི་ཡང་དག་པའི་འགྲོ་ལམ་དང་འགྲོ་ཐུབ་པའི་ལམ་བུ་ཡིན་པ་མ་ཟད། དེའི་ཐོག་བརྟན་པོ་དང་ཡག་པོ་འགྲོ་ཐུབ་པར་བྱེད་དགོས། ང་ཚོས་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་བཏང་ནས་རྒྱུགས་འབུལ་ལམ་བུ་གསར་པར་ལོ་རྒྱུས་དང་མི་དམངས་ལ་ཕུལ་བྱུང་གི་རྒྱུགས་ལན་གསར་པ་ཞིག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་བྱེད་པར་དེའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་རྒྱུས་མངའ་ལོན་པ་དང་ཁོང་དུ་ཆུད་པར་བྱས་ཏེ་དེའི་ནང་དུ་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། ཐབས་ལམ་བཅས་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། རང་རྟོན་རང་ཚུགས་མཐའ་འཁྱོངས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། མ་ལག་གི་འདུ་ཤེས་མཐའ་འཁྱོངས། གནམ་འོག་ཁོང་ཆུད་མཐའ་འཁྱོངས་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད། སློབ་སྦྱོང་བྱེད་པ་དང་ལག་ལེན་མཐར་ཕྱིན་བསྟར་བའི་བརྒྱུད་རིམ་ཁྲོད་དོན་ཚན་6པོ་དེ་དག་ལ་གོ་བ་ལོན་ཐུབ་པ་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གནས་ལུགས་དང་། ཚན་རིག་གི་ཆོས་ཉིད། འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་བཅས་ལ་གོ་བ་གཏིང་ཟབ་ལོན་ཐུབ་པ་བྱེད་པ་དང་དེའི་ཚིག་དོན་ཙམ་མ་ཟད་དེའི་དོན་སྙིང་སྔར་བས་ཤེས་རྟོགས་ཐུབ་པ་དང་། དེ་ཇི་ལྟར་ཡིན་ལུགས་རྟོགས་དགོས་ལ་དེ་ལྟར་ཡིན་པའི་གནས་ལུགས་ཀྱང་སྔར་བས་རྟོགས་ཐུབ་པར་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། དུས་རབས་གསར་པར་སླེབས་ཚུན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ཏང་གི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ཡོད་པ་དང་། འཐབ་ཇུས་ཟམ་མི་ཆད་པར་བྱང་ཆུབ་ཏུ་ཕྱིན་པ། ལག་ལེན་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱའི་ཐད་རྒྱས་བཤད་བྱས་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དེ་ཀྲུང་གོའི་ས་གཞི་ཆེ་མོར་རྐང་པོ་བརྟན་པོ་ཚུགས་ཐུབ་པར་བྱས་ནས་ཀྲུང་གོའི་དོན་དངོས་དང་གང་ལེགས་འཚམ་པར་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་གནས་ཐོག་འཇོག་པ་དང་། ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ནང་དམ་པོར་བཟུང་སྟེ། དད་སེམས་བརྟན་པོ་དང་གཞུང་འཁྱོངས་གསར་འབྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ལོ་མང་པོའི་དཀའ་སྤྱད་བཞུན་བརྡར་གྱི་ངེས་ཤུགས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བ་དང་། “མི་བརྒྱ་སྟོང་ལ་ཕོག་ཐུག་གཏོང་དགོས་བྱུང་ཡང་། མི་དུང་ཕྱུར་བཅུ་བཞིའི་རེ་བ་ཆུད་ཟོས་སུ་མི་གཏོང་བའི”འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྔར་ན་མེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། རང་ངོས་གསར་བརྗེ་བྱེད་པའི“སྣ་འདུས་ཐབས་བཟང”སྤྱད་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད་ལ་ཏང་གི་རང་ངོས་གསར་བརྗེར་ཡང་ནམ་ཡང་ཚར་དུས་མེད་པས། ང་ཚོས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་བཏང་སྟེ་ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱས་ནས། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་ཐོབ་པ་དང་། འབད་འཐབ་བྱས་ན་གཞི་ནས་ལེགས་གྲུབ་ཡོང་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས། དཔལ་འབྱོར་བརྟན་གཏོང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། དབུལ་ཕོངས་དང་འཐབ་པ་དང་འབྱོར་འབྲིང་བསྐྲུན་པ། རིམས་ནད་ཚོད་འཛིན་དང་གནོད་འཚེ་ཆེན་པོར་འགོག་རྒོལ་བྱས་པ། འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཉེན་ཁ་བསལ་ཏེ། བལྟས་ཚོད་ལ་འགག་གཏོར་དཀའ་བའི་འགག་གནད་མང་པོ་ལས་བསྒྲལ་བ་དང་། མི་རྣམས་ཧང་སངས་དགོས་པའི་མི་ཡུལ་གྱི་ངོ་མཚར་རབ་དང་རིམ་པ་བཏོད་ཡོད། མིག་སྔའི་གལ་འགངས་ཆེ་ཤོས་ཀྱི་ལས་འགན་ནི། ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་གོམ་པ་རེ་རེར་རྐང་རྗེས་རེ་རེ་བཞག་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་ལ་ཕབ་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བྱ་རྒྱུ་དེ་རེད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀོང་ཤིས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་ཐུགས་རེ་གནང་བ་རེད།