མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བརྙན་ཁུང་ཕྲ་མོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཤིས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ། 
“ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་པས་ན་ང་ཚོའི་བྱ་བ་ཡག་པོ་སྒྲུབ་དགོས”

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་21ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     འདི་ག་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ།
     དུས་ཚོད། 2022ལོའི་ཟླ་10ཚེས་17ཉིན་གྱི་སྔ་དྲོ།
     ཉིན་རེའི་གྲོས་རིམ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཤིས་ཀྱི་འཐུས་མི་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་གྲོས་བསྡུར་བྱས་པ།
     “བློ་མཐུན་5ཡི་གཏམ་བཤད་ཉན་རྗེས། ཚང་མས་ཏང་ཀྲུང་དབྱང་ལ་ཡིད་ཆེས་ཆེན་པོ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ་ངས་གང་ལེགས་ཚོར་བྱུང” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་རའི་ཕྱོགས་བཞིར་གཟིགས་གནང་བ་དང་། ཀོང་ཤིས་ནས་ཕེབས་པའི་འཐུས་མི་རྣམས་ཀྱིས་འདྲེན་བྱེད་ཁྲ་ཧྲིག་ཧྲིག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱོགས་སུ་བལྟས་ཤིང་།
     ཁོང་རྣམ་པས་ཀོང་ཤིས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་5700ཡི་སེམས་གཏིང་གི་སྐད་ཆ་བསྣམས་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་འཇམ་བབ་བརླིང་ངང“ང་ཡང་ཚང་མ་དང་འདྲ་བར་གུང་ཁྲན་ཏང་ཡོན་དཀྱུས་མ་ཞིག་ཡིན། ང་ཚོས་ཏན་ཏན་ཏིག་ཏིག་ངང་བྱ་བ་ཡག་པོ་སྒྲུབ་དགོས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ས་གནས་ཁག་གི་དོན་དངོས་ཟུང་འབྲེལ་ཡག་པོ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། གང་ཡིན་ཟེར་ན། ང་ཚོས་ཏང་ཀྲུང་དབྱང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པས་ང་ཚོའི་བྱ་བ་ཡག་པོ་སྒྲུབ་དགོས”ཞེས་གསུངས་པ་རེད།
     ལོ་བཅུའི་རིང་ཁྱད་དུ་འཕགས་པའི་གྲུབ་འབྲས་དག་རྒྱུ་འབེལ་དམངས་ཕྱུག་ཐད་ནས་མངོན་པར་བྱས་ཡོད། ཚོགས་རའི་ནང་གི་འཐུས་མི་ཚང་མར་མྱོང་བ་དེ་འདྲ་བྱུང་ཡོད་ཀྱི་རེད། གྲམ་ཐང་སྒྲོལ་བའི་ཉེན་ཁ་དང་། གྱེན་ལ་འཛེག་པའི་དཀའ་ངལ། འགག་སྒྲོལ་གྱི་དཀའ་གནད་བཅས་བལྟས་པ་ཙམ་གྱིས་སྒྲོལ་མི་ཐུབ་པའི་དཀའ་ཚེགས་དང་བར་ཆད་རེ་རེའི་མདུན་དུ་ཧ་ལས་ཧང་སངས་དགོས་པའི་མི་ཡུལ་གྱི་ངོ་མཚར་མང་པོ་བཏོད་ཡོད་པས། མྱོང་ཚོར་དུ་མ་མི་ཡོང་བ་ག་ལ་སྲིད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ལོ་བཅུ་འདིའི་རིང་གི་འཕོ་འགྱུར་རླབས་པོ་ཆེ་ནས་ཞབས་འོག་གི་ལམ་བུར་ཞིབ་ལྟ་གནང་བ་སྟེ། “དེ་ནི་ཡང་དག་པའི་འགྲོ་ལམ་དང་འགྲོ་ཐུབ་པའི་ལམ་བུ་ཡིན་པ་མ་ཟད། དེའི་ཐོག་བརྟན་པོ་དང་ཡག་པོ་འགྲོ་དགོས་པ”ལག་ལེན་དངོས་ལས་ར་སྤྲོད་ཐུབ་ཡོད།
     ཉིན་གོང་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན”ནན་བཤད་གསལ་པོ་གནང་ཡོད། ཀོང་ཤིས་ཀྱི་འཐུས་མི་ཚོགས་པས་གྲོས་བསྡུར་གནང་སྐབས། ཁོང་གིས“དེ་གོང་ང་ཚོས་འབྱོར་འབྲིང་ལ་དམིགས་ཏེ་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱས་ཡོད། ད་ཆ‘གོམ་སྟབས་གཉིས’ལ་དམིགས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་འགྲེལ་བཤད་བསྐྱོན་གནང་ཡོད།
     དེང་རབས་ཅན་ཟེར་བ་དེ་ག་རེ་ཡིན་ནམ།
     “སྐབས་དེ་དུས་ང་གྲོང་གསེབ་ཏུ་སྡོད་སྐབས་ཡུལ་དེའི‘ཤེས་ཡོན་ཅན’ངའི་སར་སྒྲོག་འགྲེལ་བྱེད་པར་སླེབས་བྱུང་། ཁོང་གིས‘སླད་ཕྱིན་ང་ཚོ་དེང་རབས་ཅན་དུ་འགྱུར་སོང་ན། ད་ལྟའི་འཚོ་བ་དང་གཏན་ནས་འདྲ་གི་མ་རེད། སྐབས་དེ་དུས་ཐོག་བརྩེགས་ཁང་པའི་ནང་སྡོད་ཆོག་པ་དང་། ཁྱིམ་ལ་གློག་སྒྲོན་ཡོད་པ། ཁ་པར་རྒྱག་རྒྱུ་ཡོད་པ། ཉིན་ལྟར་ཤ་ཚལ་བཟའ་རྒྱུ་ཡོད’ཅེས་བརྗོད་བྱུང” འཚོ་བ་དེ་འདྲ་ནི་སྔོན་ཆད་གྲོང་གསེབ་ཀྱི་ཡུལ་མི་ཚང་མའི་བསམ་འདུན་རེད། ད་ཆ་ཀྲུང་གོའི་ས་གཞི་ཆེ་མོའི་ཁྱིམ་ཚང་དཀྱུས་མས་སྐྱེལ་བའི་འཚོ་བ་ཡང་དེ་ལས་ལྷག་པ་ཡོད།
     ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་གསལ་པོར་བཏོན་གནང་ཡོད། “ད་ལྟ་ང་ཚོའི་དམིགས་ཚད་སྔར་བས་ཁ་གསལ་དུ་གྱུར་ཡོད”
     དུས་སྐབས་ཤིག་ལ་དུས་སྐབས་དེའི་འགན་འཁྲི་དང་ལས་འགན་ཡོད། མི་རབས་རེ་ལ་མི་རབས་རེའི་འགན་སེམས་དང་འགན་འཁྲི་ཡོད། “ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དམིགས་ཚད་ལ་དམིགས་ཏེ་གོང་འོག་སེམས་མཐུན་ཡོང་བ་བྱེད་དགོས”
     གོང་འོག་སེམས་མཐུན་བྱུང་ན་རྒྱལ་ཁ་ཐོབ་ངེས་རེད། དཀའ་ཚེགས་ཆེ་ཤོས་ཀྱི་བྱ་གཞག་དང་འགན་ལྗིད་ཤོས་ཀྱི་ལས་འགན་མདུན་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དུང་ཕྱུར་མང་པོ་དང་མཉམ་དུ་བསམ་བློ་བཏང་བ་དང་། མཉམ་དུ་ལས་ཀ་བྱས་པ། མཉམ་དུ་འབད་བརྩོན་བྱས་པ། མཉམ་དུ་འབད་འཐབ་བྱས་ཡོད།
     “མིག་སྔའི་ལས་འགན་གལ་ཆེ་ཤོས་ནི་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ་དང་གོམ་པ་རེ་ལ་རྐང་རྗེས་རེ་བཞག་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་བསྟར་ནས་ཕན་འབྲས་དངོས་ཐོན་པ་བྱ་རྒྱུ་དེ་ཡིན། དེ་ཡང་ང་ཚོས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་མཐར་ཕྱིན་པ་བྱས་རྗེས་ཀྱི་ཁས་ལེན་གསར་པ་ཞིག་རེད” དེ་ནི་ཀྲུང་གོའི་གུང་ཁྲན་ཏང་མིས་འབྱུང་འགྱུར་ལ་དམིགས་ནས་གཟབ་ནན་ངང་ཁྱབ་བསྒྲགས་བྱས་པ་ཞིག་རེད།