མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ལྷན་དུ་
ཀྲུང་ཕྱིའི་གསར་འགོད་པར་ཐུག་འཕྲད་གནང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་25ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་10ཚེས་23ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་མ་ཐག་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་བཅར་འདྲི་ཞུ་མཁན་ཀྲུང་ཕྱིའི་གསར་འགོད་པར་བྱམས་བརྩེའི་ཐུག་འཕྲད་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

ཟླ་10ཚེས་23ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་མ་ཐག་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་བཅར་འདྲི་ཞུ་མཁན་ཀྲུང་ཕྱིའི་གསར་འགོད་པར་བྱམས་བརྩེའི་ཐུག་འཕྲད་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

     ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ལྷན་དུ་ཀྲུང་ཕྱིའི་གསར་འགོད་པར་ཐུག་འཕྲད་གནང་སྐབས། ཐོག་མཐའ་བར་གསུམ་དུ་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་ཉིན་དགུང་། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་མ་ཐག་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་བཅར་འདྲི་ཞུ་མཁན་ཀྲུང་ཕྱིའི་གསར་འགོད་པར་བྱམས་བརྩེའི་ཐུག་འཕྲད་གནང་བ་རེད།
     མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་ནང་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་སྤྲོ་སེམས་འཁོལ་ལ་རྔམ་བརྗིད་ལྡན་པ་ཞིག་ཡོད། ཀྲུང་ཕྱིའི་གསར་འགོད་པ་600ལྷག་ཙམ་དེ་གར་འཛོམས་ནས་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ལྷན་དུ་ཕེབས་ཐེངས་དང་པོའི་གནས་ཚུལ་འཛམ་གླིང་ཡོངས་ལ་གཏོང་སྤེལ་བྱས་པ་རེད།
     ཆུ་ཚོད་12དང་སྐར་མ་5ལ། ཞི་ཅིན་ཕིང་སོགས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཚོམས་ཆེན་ནང་ཕེབས་ཏེ། དེ་གར་ཡོད་པའི་ཀྲུང་ཕྱིའི་གསར་འགོད་པར་ཕྱག་གཡུག་གཡུག་གནང་ནས་གུས་འདུད་ཞུས་གནང་བ་རེད།
     ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་མགྲིན་ཚབ་པ་སུན་ཡེ་ལི་ཡིས་ངོ་སྤྲོད་མདོར་བསྡུས་ཞུས་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཞི་ཅིན་ཕིང་གིས། དང་ཐོག་འདི་གར་གསར་འགོད་པ་གྲོགས་པོ་རྣམས་དང་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཁ་སང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་གྲོལ་བ་རེད། འདི་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་དོ་ཁུར་ཆེན་པོ་བྱེད་པ་དང་། རྒྱལ་ཁབ་མང་པོའི་སྲིད་ཏང་གིས་རྟེན་འབྲེལ་གློག་འཕྲིན་དང་འཕྲིན་ཡིག་བཏང་བའི་ནང་ཕལ་ཆེ་བ་ནི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། སྲིད་ཏང་དང་སྒྲིག་འཛུགས་ལས་ཁུངས་གལ་ཆེན་གྱི་འགོ་ཁྲིད་མི་སྣ་ཤ་སྟག་རེད། འདི་གར་ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཚང་མར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག་ངོ་སྤྲོད་གནང་གྲུབ་རྗེས། སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་ཁོངས་མིའི་ཚབ་ཞུས་ནས་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡིད་ཆེས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཏང་གི་ངོ་བོ་དང་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་རྩ་བ་ནས་གཏོང་གི་མིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་ཡོད། ད་ཆ་ང་ཚོས་སེམས་ཤུགས་རབ་འཕེལ་གྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་དང་རེ་འདུན་བཅོལ་ཡོད་ལ། ཀྲུང་གོ་མི་དམངས་ཀྱི་འབད་འཐབ་དང་རྔུལ་ཆུ་ཡང་འདུས་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དུས་ཡུན་རིང་པོའི་ལག་ལེན་དངོས་ཀྱི་ཁྲོད་ནས་འཚོལ་ཞིབ་བྱས་པའི་གྲུབ་འབྲས་ཤིག་ཡིན་པ་མ་ཟད། དེ་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཀྱང་རེད། གང་ཞིག་དཀའ་ཚེགས་ཆེ་བ་ཡིས། གང་དེ་རླབས་པོ་ཆེ་བར་འགྱུར། གང་ཞིག་དཀའ་ཚེགས་ཆེ་བ་ཡིས། གང་དེར་གཟི་བརྗིད་ལྡན་པར་འགྱུར། བྱ་གཞག་དེའི་ཆེད་སྔོན་བྱོན་པ་གྲངས་ལས་འདས་པས་དཀའ་སྤྱད་འབད་འཐབ་གནང་ཡོད་པ་མ་ཟད། ཁོང་ཚོས་ལེགས་སྐྱེས་ཕུལ་བ་དང་རང་སྲོག་བློས་གཏོང་གནང་བ་ང་ཚོའི་སེམས་ནང་བརྟན་པོར་ངེས་ཡོད། ང་ཚོས་དཀའ་སྤྱད་འབད་འཐབ་དང་། འགན་འཁྲི་འཁུར་བ། ལས་འགན་སྒྲུབ་པ་བཅས་བྱས་ཏེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དེ་བས་ཆེ་བར་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བར་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ཐོག་མཐའ་བར་གསུམ་དུ་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་དགོས། བརྒྱུད་ཟིན་པའི་ལམ་བུར་ང་ཚོས་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་དེབ་ཐེར་དུ་འགོད་ཆོག་པའི་རྒྱུགས་ལན་ཡང་ཡང་ཕུལ་ཡོད། མ་འོངས་པར་ཕྱོགས་སྐབས། ང་ཚོས་སྔར་བཞིན་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་གསར་པ་གཏོད་དགོས། བཀག་རྒྱ་མང་ཞིང་ལམ་ཐག་རིང་ན་ཡང་། མདུན་སྐྱོད་བྱས་ན་དམིགས་སར་ལོས་ཀྱིས་འབྱོར། མདུན་སྐྱོད་ཀྱི་ལམ་བུའི་ཐོག་དྲག་ཆར་རླུང་འཚུབ་འཕྲད་ནའང་འདྲ་ཡང་ན་དྲག་ཏུ་འཕྱུར་བའི་རྦ་རླབས་གང་ཞིག་འཕྲད་རུང་མི་དམངས་ནི་ནམ་ཡང་ང་ཚོའི་ཆེས་སྲ་ཞིང་བརྟན་པའི་རྒྱབ་རྟེན་དང་ཆེས་སྟོབས་དང་ལྡན་པའི་གདིང་ཤུགས་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་ཕྱར་བ་གྲུ་འདེགས་དང་མི་དམངས་དང་གཅིག་སེམས་གཅིག་འབྲེལ་བྱས་ཐོག མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མི་དམངས་ཀྱི་མངགས་བཅོལ་ལེགས་པར་བསྒྲུབས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་མངོན་འགྱུར་ཡོང་བར་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པའི་ཐོག ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས། དཀའ་ཚེགས་མང་པོ་བརྒྱུད་མྱོང་ལ་ཐོག་མའི་བསམ་འདུན་མི་འགྱུར་བའི་ཏང་ཞིག་ཡིན་ཕྱིན། དེའི་བྱ་གཞག་གི་རྨང་གཞི་ནམ་ཡང་བརྟན་པོར་གནས་ཐུབ། འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ནས་སྔར་བཞིན་རང་ངོས་གསར་བརྗེ་བྱེད་ཕོད་པའི་ཏང་ཞིག་ཡིན་ཕྱིན། གང་དེ་གཞོམ་ཞིག་དང་བྲལ་བར་འགྱུར་ཐུབ། ལོ་ངོ་བརྒྱ་ཡི་རིང་རླུང་འཚུབ་དྲག་ཆར་དང་བསྲེག་བཅད་བརྡར་གསུམ་བརྒྱུད་པ་དང་། ལྷག་པར་དུ་དུས་རབས་གསར་པའི་ལོ་བཅུ་ཡི་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་དང་དེ་བས་གསོན་ཤུགས་ཀྱིས་ཕྱུག་པར་གྱུར་ཡོད། རྒྱང་ལམ་གསར་པའི་ཐོག་གི་འགྲན་རྩོད་གསར་པ་དང་ཚོད་བགམ་གསར་པའི་མདུན་དུ། ང་ཚོས་ངེས་པར་དུ་ཉེན་ཟོན་ཆེན་པོ་བྱེད་དགོས་པ་དང་། དུས་ནམ་ཡང་རྒྱུགས་ལེན་པའི་རིག་པ་དྭངས་གསལ་དང་གཟབ་ནན་རྒྱུན་འཁྱོངས་བྱེད་དགོས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས་ལོ་བརྒྱའི་ཏང་ཆེན་པོ་འདི་ཉིད་རང་ངོས་གསར་བརྗེའི་ཁྲོད་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ཀྱི་བློས་འཁེལ་ཤོས་དང་བརྟན་ཤོས་ཀྱི་སྲོག་ཤིང་ཞིག་ཏུ་འགྱུར་བ་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། རྒྱང་ལམ་གསར་པའི་ཐོག ང་ཚོས་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ཐོག་མཐའ་བར་གསུམ་དུ་དར་སྤེལ་གཏོང་དགོས། དེང་གི་འཛམ་གླིང་ལ་སྔར་བྱུང་མྱོང་མེད་པའི་འགྲན་རྩོད་འཕྲད་ཡོད། ང་ཚོས་སྔར་ནས་བཟུང་། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སྟངས་འཛིན་དང་ཐག་གཅོད་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། ཚང་མས་གནམ་འོག་གི་བདེན་ལམ་ཐོག་བསྐྱོད་ཚེ། རྒྱལ་ཁབ་ཁག་འཆམ་མཐུན་མཉམ་གནས་དང་མཉམ་ལས་མཉམ་ཁེ་ཐུབ་པ་མ་ཟད། ལག་གདང་སྦྲེལ་ནས་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ། ང་ཚོས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་གི་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་དང་ཁ་བྲལ་ཐབས་མེད་ལ། འཛམ་གླིང་གི་འཕེལ་རྒྱས་ཀྱང་ཀྲུང་གོ་དང་ཁ་བྲལ་ཐབས་མེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ལྷག་ཙམ་སོང་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ང་ཚོས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་ཡོད། ད་ལྟ། ཀྲུང་གོའི་དཔལ་འབྱོར་གྱི་ལྡེམ་ཤུགས་ཆེ་བ་དང་། གདིང་ཤུགས་འདང་ངེས་ཡོད་པ། བསྐྱར་འཁོར་བྱེད་གཞི་ཆེ་བ་བཅས་ཡོད་ཅིང་། ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་བ་འགྲོ་མི་སྲིད། ཀྲུང་གོའི་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་འགྲོ་ངེས་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་གཏོད་ཀྱི་ཡིན།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། རྒྱང་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཕྱུག་པའི་རྒྱང་ལམ་ཞིག་རེད། འཆར་གཞི་བཀོད་ཟིན་ལ། དུང་བརྡ་ཡང་བཏང་ཟིན། ང་ཚོས་དཀའ་སྤྱད་འབད་འབུངས་དང་ཞུམ་མེད་མདུན་སྐྱོད་བྱས་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་རྒྱུར་འབད་བརྩོན་བྱེད་དགོས།
     ཞི་ཅིན་ཕིང་གིས་མཇུག་ཏུ། ཉིན་ཤས་རིང་། གྲོགས་པོ་གསར་འགོད་པ་ཚོས་ཚོགས་ཆེན་གྱི་གནས་ཚུལ་འགོད་སྤེལ་ཡག་པོ་བྱས་ཏེ་འཛམ་གླིང་ཡོངས་ལ་ཀྲུང་གོའི་གསུང་སྒྲ་བརྒྱུད་བསྒྲགས་དང་ཀྲུང་གོ་གུང་ཁྲན་ཏང་གི་འདོད་ཚུལ་བརྒྱུད་བསྒྲགས་བྱས་པས་འཛམ་གླིང་གིས་ཀྲུང་གོར་དོ་ཁུར་ཆེན་པོ་བྱུང་ཡོད། ཁྱེད་ཚོས་ལས་དོན་ཧུར་ཐག་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷན་རྒྱས་སྐུ་ལས་ཁག་སོང་། ལྷན་རྒྱས་ནས་ཀྲུང་གོའི་ས་གནས་ཁག་ཏུ་མང་ཙམ་ཕེབས་པ་དང་མང་ཙམ་གཟིགས་ནས། དོན་དངོས་དང་མཐུན་པའི་སྒོ་ནས་འཛམ་གླིང་ལ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོ་བརྗོད་པ། ང་ཚོས་བརྒྱུད་བཞིན་པའི་དུས་རབས་གསར་པའི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱ་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་པ་རེད།
     ཆུ་ཚོད་12དང་སྐར་མ་30ཡི་ཐོག་མཇལ་འཕྲད་ཚོགས་འདུ་གྲོལ་བ་རེད། ཞི་ཅིན་ཕིང་སོགས་ཀྱིས་ཀྲུང་ཕྱིའི་གསར་འགོད་པར་ཕྱག་གཡུག་གཡུག་གནང་སྟེ་ཚོགས་ར་ནས་ཞལ་གྱེས་པ་དང་། ཚོགས་ར་ཡོངས་སུ་སླར་ཡང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད།
     ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཤིན་ཧྭ་དྲ་བས་ཡུལ་དངོས་ནས་ཐད་གཏོང་བྱས་པ་རེད།

ཟླ་10ཚེས་23ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་མ་ཐག་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་བཅར་འདྲི་ཞུ་མཁན་ཀྲུང་ཕྱིའི་གསར་འགོད་པར་བྱམས་བརྩེའི་ཐུག་འཕྲད་གནང་བ།
ཟླ་10ཚེས་23ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་མ་ཐག་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་བཅར་འདྲི་ཞུ་མཁན་ཀྲུང་ཕྱིའི་གསར་འགོད་པར་བྱམས་བརྩེའི་ཐུག་འཕྲད་གནང་བ།