
ཤིན་ཧྭ་གསར་འགྱུར་ཁང་ཡན་ཨན་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་གྲོལ་ནས་གཟའ་འཁོར་གཅིག་ཀྱང་མ་སོང་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཀྱི་སྣེ་ཁྲིད་དེ། ཆེད་མངགས་པེ་ཅིང་ནས་ཧྲའན་ཤིས་ཡན་ཨན་དུ་ཕེབས་ཏེ་ཡན་ཨན་གསར་བརྗེའི་དྲན་གསོ་ཁུལ་མཇལ་བ་དང་། གསར་བརྗེའི་དམག་འཁྲུག་སྐབས་ཏང་ཀྲུང་དབྱང་གིས་ཡན་ཨན་དུ་སྐྱེལ་བའི་སྤྱིར་བཏང་མིན་པའི་ལོ་ཟླར་བསྐྱར་དྲན། གསར་བརྗེ་པ་རྒན་རབས་ཚོའི་མཛད་རྗེས་རླབས་པོ་ཆེར་རྗེས་དྲན་བཅས་གནང་ནས། སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱིས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་འབད་འཐབ་སྙིང་སྟོབས་རྒྱུན་འཛིན་གྱིས་རྒྱུགས་འབུལ་ལམ་བུ་གསར་པའི་ཐོག་ལོ་རྒྱུས་དང་མི་དམངས་ལ་རྒྱུགས་ལན་ཡག་པོ་ཞིག་སྤྲོད་རྒྱུའི་འགྱུར་མེད་ཀྱི་དད་སེམས་ཁྱབ་བསྒྲགས་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚེས་27ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་སོགས་མཉམ་དུ་རླངས་འཁོར་ལ་བཞུགས་ཏེ་ཡན་ཨན་གྲོང་གི་ནུབ་བྱང་དུ་གནས་པའི་དབྱང་ཅ་ལིང་གསར་བརྗེའི་གནས་རྙིང་དུ་ཕེབས་པ་རེད། 1938ལོའི་ཟླ་11པར། ཀྲུང་གུང་ཀྲུང་དབྱང་ལས་ཁུངས་ཧྥེང་ཧོང་རི་བོ་ནས་དབྱང་ཅ་ལིང་དུ་སྤོས་པ་རེད། དབྱང་ཅ་ལིང་དུ་བཞུགས་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་འཚོགས་ནས། ཡན་ཨན་གྱི་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་སྤེལ་བ་དང་། ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་འགོ་ཁྲིད་བྱས་པ་རེད།
ཐོག་མར་ཞི་ཅིན་ཕིང་སོགས་ཀྲུང་གུང་ཚོགས་ཆེན་བདུན་པའི་འཚོགས་ཡུལ་དུ་ཕེབས་པ་རེད། 1945ལོའི་ཟླ་བཞི་པ་ནས་དྲུག་པའི་བར་ཏང་གི་ཚོགས་ཆེན་བདུན་པ་འདི་གར་འཚོགས་ཡོད། རང་རེའི་ཏང་དབུ་བརྙེས་སྐབས་ཏང་ཡོན་50ལྷག་ཙམ་ལས་མེད་པ་ནས་ཏང་གི་ཚོགས་ཆེན་བདུན་པ་འཚོག་སྐབས་ཏང་ཡོན་ཁྲི་121བར་ཟིན་ཡོད། ཞི་ཅིན་ཕིང་གིས་དལ་བུར་ཕེབས་ནས་ཚོགས་རར་གཟིགས་ཤིང་། ཁོང་གིས་ཏང་གི་ལོ་རྒྱུས་ཐོག་ཏང་གི་ཚོགས་ཆེན་བདུན་པར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ཐོག་ནས་རང་རེའི་ཏང་འདི་ཉིད་ཆབ་སྲིད་དང་། བསམ་བློ། རྩ་འཛུགས་བཅས་གནད་སྨིན་འཐུས་ཚང་དུ་ཕྱིན་པ་མཚོན་གྱི་ཡོད་ཅེས་གསུངས་པ་རེད།
དེ་རྗེས་ཞི་ཅིན་ཕིང་དང་བཅས་པ་མའོ་ཙེ་ཏུང་སོགས་གསར་བརྗེ་མཁས་ཅན་རྒན་རབས་ཚོའི་བཞུགས་གནས་རྙིང་པར་ཕེབས་ནས་གསར་བརྗེ་མཁས་ཅན་རྒན་རབས་པ་ཚོའི་དབྱང་ཅ་ལིང་གི་གསར་བརྗེའི་ཉམས་མྱོང་བསྐྱར་དྲན་གནང་བ་དང་འབྲེལ། གསར་བརྗེའི་གནས་རྙིང་སྲུང་སྐྱོང་བྱས་ཚུལ་ལ་མཁྱེན་རྟོགས་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས། ཡན་ཨན་གྱི་གསར་བརྗེའི་གནས་རྙིང་གིས་རང་རེའི་ཏང་གིས་ཡན་ཨན་དུས་སྐབས་ཀྱི་ཀྲུང་གོའི་གསར་བརྗེར་འགོ་ཁྲིད་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་འཚོལ་ཞིབ་བྱེད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་བདེན་དཔང་བྱས་ཡོད། དེ་ནི་ནམ་ཡང་ཀློག་མི་ཚར་བའི་དཔེ་དེབ་ཅིག་རེད། འདི་གར་སླེབས་རིམ་བཞིན་སྔ་དྲན་དེང་རྟོགས་ཀྱིས་སློབ་གསོ་དང་བློ་འབྱེད་གཏིང་ཟབ་ཡོང་གི་འདུག དེར་བརྟེན་དོ་དམ་ཡག་པོ་དང་ཞིབ་འཇུག་ཡག་པོ་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས། དབྱང་ཅ་ལིང་གི་གཏམ་རྒྱུད་དང་ཏང་གི་ཚོགས་ཆེན་བདུན་པའི་གཏམ་རྒྱུད་ཡག་པོ་ཤོད་དགོས་ཞེས་གསུངས་པ་རེད།
དེ་རྗེས་ཞི་ཅིན་ཕིང་སོགས་མཉམ་དུ་རླངས་འཁོར་ལ་བཞུགས་ནས་ཡན་ཨན་གསར་བརྗེའི་དྲན་གསོ་ཁང་དུ་ཕེབས་ནས། 《རླབས་ཆེན་གྱི་ལོ་རྒྱུས་ལམ་བུ——ཀྲུང་གུང་ཀྲུང་དབྱང་ཡན་ཨན་དུ་ལོ་བཅུ་གསུམ་བཞུགས་རིང་གི་ལོ་རྒྱུས་བཤམས་སྟོན》ལ་གཟིགས་སྐོར་གནང་བ་རེད།
གཟིགས་སྐོར་གྲུབ་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། ཡན་ཨན་ནི་ཀྲུང་གོའི་གསར་བརྗེའི་གནས་མཆོག་དང་ཀྲུང་གོ་གསར་པའི་འབྱུང་གནས་རེད། 1935ལོ་ནས་1948ལོ་བར་ཏང་ཀྲུང་དབྱང་དང་མའོ་ཙེ་ཏུང་སོགས་གསར་བརྗེ་པ་རྒན་རབས་ཚོས་ཡན་ཨན་དུ་འཚོ་བ་སྐྱེལ་བ་དང་དམག་འཐབ་གནང་ནས་ལོ་13བཞུགས་པ་དང་ཀྲུང་གོའི་གསར་བརྗེའི་བྱ་གཞག་ཉམས་ཞན་ནས་སྟོབས་ཆེའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་འགོ་ཁྲིད་གནང་སྟེ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། ཀྲུང་གོའི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་བཏང་གནང་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོའི་སྒོ་ནས་གསུངས་དོན། ང་རང་ཡན་ཨན་ས་ཁུལ་དུ་ལོ་7འཚོ་བ་སྐྱེལ་བ་དང་ངལ་རྩོལ་བྱས་ནས་བསྡད་པ་དང་ངའི་ཕ་རབས་ཀྱང་འདི་ནས་ཕྱིར་བསྐྱོད་པ་ཞིག་ཡིན་པས། འདི་གར་ང་རང་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད། དེ་སྔ་ཧྲའན་པེར་རུ་ཞུགས་བྱེད་པའི་ལམ་བར་དུ་ཡན་ཨན་བརྒྱུད་རིམ་བཞིན་ང་རང་ཚོགས་ཆེན་བདུན་པའི་ཚོགས་ཡུལ་དང་། དབྱང་ཅ་ལིང་། ཙའོ་ཡོན། ཧྥེང་ཧོང་རི་བོ་སོགས་གསར་བརྗེའི་གནས་རྙིང་ལ་ལྟ་བར་འགྲོ་གི་ཡོད། ཀྲུང་དབྱང་དུ་ལས་ཀར་བསྐྱོད་རྗེས། སྔ་རྗེས་སུ་ཡན་ཨན་དུ་རྟོག་ཞིབ་དང་བརྟག་དཔྱད་བྱེད་པར་ཐེངས་3ཡོང་བ་ཡིན། ད་རེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་བློ་མཐུན་དང་མཉམ་དུ་ཡོང་དོན་ཡང་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱིས་ཡན་ཨན་དུས་སྐབས་སུ་གྲུབ་པའི་ཏང་གི་གསར་བརྗེའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་ཁྱབ་བསྒྲགས་བྱ་ཆེད་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཡན་ཨན་གྱི་དུས་སྐབས་སུ་གྲུབ་པ་དང་དར་སྤེལ་བཏང་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དང་། སྐྱེད་སྲིང་བྱས་ནས་གྲུབ་པའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་ལས་གཏོད་སྙིང་སྟོབས་བཅས་ནང་དོན་གཙོ་བོར་བྱས་པའི་ཡན་ཨན་གྱི་སྙིང་སྟོབས་ནི་ཏང་གི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཡིན་པས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་མཛད་ཇུས་གལ་ཆེན་གཏན་ལ་ཕབ་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ང་ཚོས་རྒྱང་ལམ་གསར་པར་བསྐྱོད་དེ་འབད་འཐབ་དམིགས་ཚད་གསར་པའི་ཕྱོགས་སུ་སྐྱོད་དགོས།
ཞལ་གྱེས་ཁར་ཞི་ཅིན་ཕིང་གིས་འདི་གར་ཡོད་པའི་ཏང་ཡོན་རྒན་གྲས་དང་དེ་བཞིན་དམར་དམག་རྒན་གྲས་དང་། དམག་སྡེ་བརྒྱད་པའི་དམག་མི་རྒན་གྲས། སྔོན་གཤེགས་དཔའ་བོའི་རྗེས་རབས་བཅས་དང་ཏང་གི་སློབ་གྲྭ་དང་ལས་བྱེད་སློབ་གླིང་གི་དགེ་རྒན་དང་དྲན་གསོ་ཁང་གི་ལས་དོན་མི་སྣ་སོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་། ཚང་མར་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཏང་གི་གཏམ་རྒྱུད་ཡག་པོ་ཤོད་དགོས་པའི་ལྕག་སྐུལ་གནང་བ། མི་རྣམས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ལྕག་སྐུལ་གནང་བས། ས་ཆ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།
![]() |
| ཟླ་10ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཀྱི་སྣེ་ཁྲིད་དེ་ཡན་ཨན་གྱི་གསར་བརྗེའི་དྲན་གསོ་ཁུལ་མཇལ་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཡན་ཨན་གསར་བརྗེའི་དྲན་གསོ་ཁུལ་དུ《རླབས་ཆེན་གྱི་ལོ་རྒྱུས་ལམ་བུ——ཀྲུང་གུང་ཀྲུང་དབྱང་ཡན་ཨན་དུ་ལོ་བཅུ་གསུམ་བཞུགས་རིང་གི་ལོ་རྒྱུས་བཤམས་སྟོན》མཇལ་རྗེས་གསུང་བཤད་གལ་ཆེན་གནང་བཞིན་པ། |
|
|