མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པཱ་ལི་གླིང་ཕྲན་དུ་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཞལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་16ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་ཕྱི་དྲོ། ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཞལ་འཛོམས་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་ཕྱི་དྲོ། ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཞལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་ཕྱི་དྲོ། ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཞལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་འཐབ་ཇུས་རང་བཞིན་གྱི་གནད་དོན་དང་། དེ་བཞིན་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ལྷག་བསམ་ཟོལ་མེད་ངང་དགོངས་ཚུལ་བརྗེ་རེས་གཏིང་ཟབ་གནང་བ་རེད།
    ཞི་ཅིན་ཕིང་གིས། འཛམ་གླིང་འདི་ཉིད་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་ཡོད་པས། རྒྱལ་ཁབ་ཁག་གིས་སྔར་བྱུང་མྱོང་མེད་པའི་འགྲན་སློང་ལ་ཁ་གཏད་གཅོག་དགོས་ལ། སྔར་བྱུང་མྱོང་མེད་པའི་གོ་སྐབས་ཀྱང་དམ་འཛིན་བྱེད་དགོས། ང་ཚོས་མཐོ་ཚད་འདིའི་ཐོག་ནས་ཀྲུང་ཨའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱེད་དགོས། ཀྲུང་ཨའི་འབྲེལ་བ་ནི་ཁྱོད་ཕམ་ང་རྒྱལ་དང་ཁྱོད་དར་ང་རྒུད་ཀྱི་རྒྱལ་ཕམ་འགྲན་རྩོད་མིན་པར། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་སོ་སོར་གྲུབ་འབྲས་ཐོབ་པ་བྱ་རྒྱུ་དེ་ནི་གོ་སྐབས་ཤིག་ཡིན་པ་ལས་འགྲན་སློང་ཞིག་མིན། ཡངས་ཤིང་རྒྱ་ཆེ་བའི་སའི་གོ་ལ་འདིའི་ཐོག་ཀྲུང་ཨ་གཉིས་ཀ་རང་ངོས་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཡོང་ཆོག ཕྱོགས་གཉིས་པོས་ཕར་ཕྱོགས་ཀྱི་ཕྱི་ནང་སྲིད་ཇུས་དང་འཐབ་ཇུས་བསམ་བློར་ལྟ་སྟངས་ཡང་དག་འཛིན་ནས། སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་། མཉམ་རྒྱལ་ཡོང་ཐབས་བྱེད་པ་ལས་རྒྱལ་ཕམ་གྱི་འགྲན་རྩོད་བྱེད་མི་རུང་། ངས་སྐུ་ཞབས་ཙུང་ཐུང་གི“མི་བྱེད་པ་བཞི་དང་མི་བསམ་པ་གཅིག”གི་འབྲེལ་ཡོད་རྣམ་འགྱུར་ལ་ཧ་ཅང་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོས་སྔར་ནས་ད་བར་ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྱུར་ལྡོག་གཏོང་ཐབས་མི་བྱེད་པ་དང་། ཨ་རིའི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། རྐང་བཙུགས་ནས་ཨ་རིར་འགྲན་སློང་དང་ཨ་རིའི་ཚབ་བྱེད་པ་བསམ་གྱི་མེད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཁེ་བཅས་མཐའ་འཁྱོངས་བྱས་ནས་ཐུན་མོང་ཐོག་ཀྲུང་ཨའི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཏེ་ཁ་ཕྱོགས་མི་འཛོལ་བ་དང་མྱུར་ཚད་མི་ཆག་པ་བྱེད་དགོས་ལ། གདོང་གཏུག་དེ་བས་བྱེད་མི་རུང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལ་བརྩི་སྲུང་ཞུ་བ་དེ་ནི་ཕྱོགས་གཉིས་པོས་འགལ་ཟླ་དང་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་དང་འགྲན་རྒོལ་དང་གདོང་གཏུག་འགོག་པའི་འགག་རྩ་ཡིན་ལ། ཀྲུང་ཨའི་འབྲེལ་བའི་འགོག་སྲུང་དང་བདེ་འཇགས་དྲ་བ་གལ་ཆེ་ཤོས་ཤིག་ཀྱང་རེད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། ཐའེ་དབན་གྱི་གནད་དོན་གྱི་འབྱུང་རྩ་དང་དེ་བཞིན་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་གྱི་ལངས་ཕྱོགས་རྒྱས་བཤད་ཞིབ་ཚགས་གནང་བ་རེད། ཞི་ཅིན་ཕིང་གིས་ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་ཁྲོད་ཀྱི་ལྟེ་བ་དང་། ཀྲུང་ཨའི་འབྲེལ་བའི་ཆབ་སྲིད་རྨང་གཞིའི་ཁྲོད་ཀྱི་རྨང་གཞི། ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་བརྒལ་མི་རུང་བའི་དམར་ཐིག་དང་པོ་བཅས་རེད། ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོ་བ་རང་ཉིད་ཀྱི་བྱ་བ་ཡིན་ལ། ཀྲུང་གོའི་ནང་སྲིད་ཀྱང་རེད། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་འདུན་ཡིན། མི་སུ་འདྲ་ཞིག་གིས་ཐའེ་དབན་ཀྲུང་གོ་ནས་ཁ་ཕྲལ་གཏོང་བསམས་པ་དེ་ནི་ཀྲུང་གོའི་མི་རིགས་ཀྱི་བདེན་དོན་དང་རྒྱབ་འགལ་བྱེད་པ་ཞིག་ཡིན་པས། ཀྲུང་གོ་མི་དམངས་ཀྱིས་ཁས་གཏན་ནས་ལེན་མི་སྲིད། ང་ཚོས་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་མཐོང་བའི་རེ་བ་བྱེད་ཀྱི་ཡོད་ལ་ཐོག་མཐའ་བར་གསུམ་དུ་དེའི་ཐད་འབད་བརྩོན་བྱེད་བཞིན་ཡོད་མོད། འོན་ཀྱང“ཐའེ་དབན་རང་བཙན”དང་ཐའེ་དབན་མཚོ་འགག་ཞི་བདེ་བརྟན་ལྷིང་ཡོང་བ་བྱ་རྒྱུ་གཉིས་མེ་ཆུ་འཕྲད་པ་ལྟར་མཐུན་ཐབས་རྩ་བ་ནས་མེད། ཨ་རི་ཕྱོགས་ཀྱིས་གཏམ་སྤྱོད་གཅིག་མཐུན་ཡོང་བ་བྱས་ཏེ་ཀྲུང་གོ་གཅིག་གི་སྲིད་ཇུས་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལ་བརྩི་སྲུང་ཞུ་རྒྱུའི་རེ་བ་ཡོད། སྐུ་ཞབས་ཙུང་ཐུང་གིས“ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ་དང་། ཐའེ་དབན་དེ་ཉིད་ཀྲུང་གོ་དང་འགྲན་རྩོད་བྱེད་པའི་ལེགས་ཆའམ་ཡང་ན་ཀྲུང་གོར་བཀག་སྡོམ་བྱེད་པའི་ལག་ཆར་བརྩི་གི་མེད་ཅེས་ཐེངས་མང་གསུངས་མྱོང་ཡོད། ཨ་རི་ཕྱོགས་ཀྱིས་སྐུ་ཞབས་ཙུང་ཐུང་གི་དམ་བཅའ་དོན་ཐོག་ཏུ་འཁྱོལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རི་ནི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་ལམ་བུ་བཅས་མི་འདྲ་བའི་རྒྱལ་ཁབ་ཆེན་པོ་གཉིས་རེད། སྔོན་ཆད་དང་ད་ཆ་ཧེ་བག་དང་མི་མཐུན་པའི་ཆ་ཡོད་ལ་སླད་ཕྱིན་ཡང་ཡོང་སྲིད་མོད། འོན་ཀྱང་དེ་ཉིད་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་འགོག་རྐྱེན་དུ་འགྱུར་མི་རུང་། དུས་ནམ་ཞིག་ཡིན་ཡང་འཛམ་གླིང་ལ་འགྲན་རྩོད་གནས་སྲིད་མོད། འོན་ཀྱང་འགྲན་རྩོད་ནི་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། ཕན་ཚུན་རྗེས་སྙེག ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བཅས་བྱེད་དགོས་པ་ལས་ཁྱོད་ཕམ་ང་རྒྱལ་དང་ཁྱོད་ཤི་ང་གསོན་ཞིག་མིན། ཀྲུང་གོར་འབད་བརྩོན་ལྷོད་མེད་བྱེད་པའི་གཟི་བརྗིད་སྲོལ་རྒྱུན་ཡོད་པས། བཙན་གནོན་དང་བཀག་སྡོམ་མཐའ་དག་གིས་ཀྲུང་གོ་མི་དམངས་ཀྱི་འདུན་པ་དང་ངར་སེམས་འཕེལ་སྲིད། ཚོང་དོན་འཁྲུག་རྩོད་དང་ཚན་རྩལ་འཁྲུག་རྩོད་བྱེད་པ་དང་། རྐང་བཙུགས་ནས“འགོག་ར་རྩིག་པ” བཙན་ཤེད་ངང“འབྲེལ་གཅོད་ཕྲེང་གཏུབ”བྱེད་དུ་འཇུག་པ་བཅས་ནི་ཁྲོམ་རའི་དཔལ་འབྱོར་གྱི་རྩ་དོན་ལས་རྦད་དེ་འགལ་བ་དང་རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་ལའང་གཏོར་བཤིག་བཏང་བ་ཞིག་ཡིན་པས་གཞན་ལ་གནོད་པ་མ་ཟད་རང་ཉིད་ལའང་ཕན་ཐོགས་མེད། ང་ཚོས་དཔལ་འབྱོར་ཚོང་དོན་དང་ཚན་རྩལ་སྤེལ་རེས་དེ་ཆབ་སྲིད་ཅན་དང་མཚོན་ཆ་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་ཀྱི་ཡོད། མིག་སྔའི་དུས་བབ་འོག་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ཉུང་དུ་ཕྱིན་མེད་པར་དེ་བས་མང་དུ་ཕྱིན་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་གདོང་ཐུག་མི་བྱེད་པ་དང་། འགྲན་རྒོལ་དུ་མི་ལངས་པ། ཞི་བདེ་མཉམ་གནས་བཅས་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་ཆེས་གཞི་རྩའི་ཐུན་མོང་གི་ཁེ་ཕན་རེད། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱེད་པར་འཕེལ་རྒྱས་ཀྱི་ལས་འགན་གསར་པ་འཕྲད་ཡོད་པས་ཕར་ཕྱོགས་ཀྱི་འཕེལ་རྒྱས་ཁྲོད་ནས་ཕན་པ་ཐོབ་པ་བྱ་རྒྱུ་དེ་ཐུན་མོང་གི་ཁེ་ཕན་ཞིག་ཀྱང་རེད། རིམས་ནད་རྗེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བཅས་བྱེད་པར་ཡང་ཀྲུང་ཨའི་མཐུན་སྦྱོར་མཉམ་ལས་དང་ཁ་འབྲལ་ཐབས་མེད། དེ་ཡང་ཐུན་མོང་གི་ཁེ་ཕན་ཞིག་རེད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། གཉིས་ཁེ་གཉིས་ཕན། སྤྱི་ཡོངས་ལ་དམིགས་པ་བཅས་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་ཁོར་ཡུག་བཟང་པོ་ཞིག་དང་འབྲེལ་བ་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    པའེ་ཀྲེན་གྱིས། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ངོ་ཤེས་ནས་ལོ་མང་སོང་རིང་རྒྱུན་གཏན་རང་བཞིན་གྱི་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་མོད། འོན་ཀྱང་རྣམ་པ་གང་ཞིག་གིས་ཀྱང་ངོ་འཕྲད་ཞལ་འཛོམས་ཀྱི་ཚབ་བྱེད་མི་ཐུབ། སྐུ་ཉིད་ཀྱིས་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཨ་ཀྲུང་ལ་དགེ་མཚན་ལྡན་པའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་འགན་འཁྲི་ཡོད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དང་དེ་བཞིན་སྲིད་གཞུང་རིམ་པ་ཁག་དང་འབྲེལ་གཏུག་བྱེད་པའི་ཐབས་ལམ་ཤར་བགྲོད་ཐུབ་པར་གཞོལ་ནས་ཕྱོགས་གཉིས་པོའི་མི་མཐུན་སའི་གནད་དོན་ཐད་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་བྱེད་པ་དང་གནམ་གཤིས་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གལ་ཆེན་ལ་ཁ་གཏད་གཅོག་ཆེད་དགོས་ངེས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འགག་རྩའི་ནུས་པ་འདོན་དགོས། དེ་ནི་ཨ་ཀྲུང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ་འཛམ་གླིང་ཡོངས་ཀྱི་ངོས་ནས་བརྗོད་ནའང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ཀྲུང་གོ་ནི་ཨ་རི་དང་འཛམ་གླིང་གི་ཁེ་ཕན་དང་མཐུན་པ་ཞིག་ཡིན་པ་ངས་སླར་ཡང་བསྐྱར་བསྒྲགས་བྱ་རྒྱུ་རེད། ཨ་རིས་ཀྲུང་གོའི་སྒྲིག་སྲོལ་ལ་བརྩི་འཇོག་བྱེད་པ་ལས་ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་གཏོང་རྒྱུའི་བསམ་བློ་མི་འཆང་བ་དང་། “འཇམ་འཐབ་གསར་པ”སློང་བའི་བསམ་བློ་མི་འཆང་བ། མནའ་གྲོགས་ཀྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོར་ངོ་རྒོལ་བྱ་རྒྱུའི་བསམ་བློ་མི་འཆང་བ། “ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ། “ཀྲུང་གོ་གཉིས”དང“ཀྲུང་གོ་གཅིག་དང་ཐའེ་དབན་གཅིག”ལའང་རྒྱབ་སྐྱོར་མི་བྱེད་པ། ཀྲུང་གོ་དང་གདོང་ཐུག་མི་ཡོང་བ་བཅས་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་ཀྱང་ཀྲུང་གོ་དང“འབྲེལ་ཐག”གཅོད་པའི་བསམ་བློ་མི་འཆང་བ་དང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་བསམ་བློ་འཆང་གི་མེད་ལ་ཀྲུང་གོར་བསྐོར་བཀག་བྱེད་པའི་བསམ་བློ་དེ་བས་འཆང་གི་མེད་ཅེས་གསུངས་པ་རེད།
    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས། ཞལ་འཛོམས་ནི་གཏིང་ཟབ་ལ་ལྷག་བསམ་ཟོལ་མེད་དང་དགེ་མཚན་ལྡན་པ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་ལས་དོན་ཚོགས་པས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དུས་ཐོག་ཏུ་རྗེས་སྙེག་དོན་འཁྱོལ་བྱེད་པ་དང་བྱ་སྤྱོད་ཏན་ཏིག་སྤེལ་ཏེ་ཀྲུང་ཨའི་འབྲེལ་བ་བརྟན་ལ་འཕེལ་རྒྱས་ཀྱི་སྲོལ་ལམ་དུ་བསྐྱར་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱུན་གཏན་རང་བཞིན་གྱི་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་གནང་བ་རེད།